ལེའུ་བཅུ་དགུ་པ།
ཆག་གྲུམ་བྱུང་བའི་རྫ་བུམ།
དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་སོང་ལ་རྫ་བཟོའི་བུམ་པ་ཞིག་ཉོས་ཏེ། མི་རྣམས་ཁྲོད་ཀྱི་རྒན་པོ་རྣམས་དང་གུས་པར་འོས་པའི་མཆོད་དཔོན་རྣམས་ལས་ཁ་ཅིག་ཁྲིད་ནས། པེན་ཧིན་ནོམ་ལུང་པ་ནང་དང་རྫ་ལེབ་ཀྱི་སྒོ་ཁར་སོང་ནས། དེ་རུ་ངས་ཁྱོད་ལ་བབས་པའི་བཀའ་རྣམས་སྒྲོགས་ལ་འདི་ལྟར། ཀྱེ་ཡ་ཧུ་དཱའི་རྒྱལ་པོ་དང་ཡེ་རུ་སཱ་ལེམ་གྱི་ཡུལ་མི་ཀུན། དཀོན་མཆོག་ཡ་ཝཱེའི་བཀའ་ལ་ཉོན་ཅིག དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། ལྟོས་ཤིག ངས་གནས་འདིར་ཆག་སྒོ་འབྱུང་བར་བྱེད་ཅིང་། དེ་ཐོས་མཁན་ཐམས་ཅད་ནི་རྣ་འུར་བར་འགྱུར། ཅི་ལ་ཞེ་ན། དེ་དག་དང་དེ་དག་གི་མེས་པོ་རྣམས་དང་། ཡ་ཧུ་དཱའི་རྒྱལ་པོ་བཅས་ཀྱིས་བདག་དོར་ནས། གནས་འདི་བཙོག་པར་བྱས་ཏེ་རྒྱུས་མི་མངའ་བའི་ལྷ་གཞན་རྣམས་ལ་སྤོས་བདུགས་པ་དང་། ཡུལ་འདི་རུ་ཉེས་མེད་ཁྲག་གིས་བཀང་བར་བྱས། རང་གི་བུ་མེ་རུ་བསྲེགས་ནས་པཱ་ཨལ་ལ་སྦྱིན་སྲེག་གི་མཆོད་པ་འབུལ་བའི་ཆེད་དུ། དེ་དག་གིས་པཱ་ཨལ་གྱི་མཐོ་གླིང་རྣམས་བརྩིགས། དེ་ནི་ངས་བསྒོས་པ་མ་ཡིན་ལ། ངས་གླེང་པ་ཡང་མིན་ཏེ། ངའི་ཡིད་ལའང་ཤར་མ་མྱོང་ངོ་། ། དེ་བས་ལྟོས་ཤིག དུས་དེ་སླེབས་ལ་ཉེ། གནས་འདི་ལ་ཐོ་ཕེད་མི་ཟེར་ལ། པེན་ཧིན་ནོམ་ལུང་པ་ཡང་མི་ཟེར་བར། གསོད་གཅོད་ཀྱི་ལུང་པ་ཞེས་འབོད་པར་འགྱུར་ཞེས་གསུངས་ཏེ། འདི་ནི་དཀོན་མཆོག་ཡ་ཝཱེས་གསུངས་པའོ། ། ངས་ཡུལ་འདི་རུ་ཡ་ཧུ་དཱ་དང་ཡེ་རུ་སཱ་ལེམ་གྱི་ཇུས་ངན་ནི་མེད་པར་བྱེད་ཅིང་། དེ་དག་རང་གི་དགྲ་བོའི་མདུན་དུ་རལ་གྲིའི་ཁ་དང་། དེ་དག་གི་སྲོག་ལ་སྙེག་པའི་ལག་འོག་ཏུ་འགྱེལ་བར་བྱེད། ངས་དེ་དག་གི་བམ་རོ་ནི་ནམ་མཁའི་བྱ་དང་ཐང་གི་གཅན་གཟན་རྣམས་ཀྱི་ཟས་སུ་སྦྱིན་པར་བྱའོ། ། ཡང་ངས་གྲོང་ཁྱེར་འདི་ནི་མི་མེད་ལུང་སྟོང་དང་མི་ཡིས་འཕྱ་སྨོད་བྱེད་ཡུལ་དུ་འགྱུར་བར་བྱེད་ཅིང་། ཡུལ་དེ་བརྒྱུད་ནས་འགྲོ་མཁན་ཐམས་ཅད་དེའི་རྐྱེན་ངན་གྱི་ཕྱིར་དངངས་ནས་འཕྱ་བར་འགྱུར། དགྲ་དང་དེ་དག་གི་སྲོག་ལ་སྙེག་མཁན་གྱིས་ཁོ་རྣམས་ཀྱི་རྗེས་དེད་ནས། དེ་དག་སྡུག་བསྔལ་བའི་དུས་སུ། ངས་དེ་རྣམས་ལ་རང་རང་གི་བུ་བུ་མོ་རྣམས་ཀྱི་ཤ་དང་གྲོགས་པོའི་ཤ་བཟའ་བར་བྱེད་དོ། །
10 ཡང་ཁྱོད་ཀྱིས་རང་དང་མཉམ་དུ་འགྲོ་མཁན་རྣམས་ཀྱི་མདུན་དུ་བུམ་པ་དེ་ཆོགས་ལ། 11 དེ་དག་ལ་འདི་ལྟར། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། མི་ཡིས་རྫ་བཟོའི་སྣོད་བཅག་ནས་སྔར་བཞིན་སླར་གསོ་བྱེད་མི་ཐུབ་པ་ལྟར། ངས་མི་འདི་དག་དང་གྲོང་ཁྱེར་འདི་ཡང་གཅོག་པར་བྱ་སྟེ། སྦས་ས་མེད་པའི་བར་དུ་དེ་རྣམས་ཐོ་ཕེད་དུ་བསྐུང་བར་འགྱུར་རོ། ། 12 ངས་གནས་འདི་དང་འདིའི་ཡུལ་མི་རྣམས་ལའང་དེ་བཞིན་བྱས་ཏེ། གྲོང་ཁྱེར་འདི་ཐོ་ཕེད་ལྟ་བུར་བྱའོ་ཞེས་གསུངས་ཞེས་སྨྲོས་ཤིག 13 ཡེ་རུ་སཱ་ལེམ་གྱི་ཁང་པ་དང་ཡ་ཧུ་དཱའི་རྒྱལ་པོ་དག་གི་ཕོ་བྲང་རྣམས་ནི་ཐོ་ཕེད་ལྟར་བཙོག་པར་འགྱུར་ཏེ། སྔར་ཁོ་ཚོས་ཁང་པ་ཐམས་ཅད་ཀྱི་སྟེང་ནས་ནམ་མཁའི་ཚོགས་ལ་སྤོས་བདུགས་པ་དང་། ལྷ་གཞན་རྣམས་ལ་སྐྱེམས་མཆོད་ཕུལ་བ་ཡིན་ཞེས་གསུངས་ཏེ། འདི་ནི་དཀོན་མཆོག་ཡ་ཝཱེས་གསུངས་པའོ། ། 14 དེ་ནས་ཡེ་རེམ་ཡཱ་ནི་དཀོན་མཆོག་ཡ་ཝཱེས་ལུང་སྟོན་པར་མངགས་པའི་ཐོ་ཕེད་ཡུལ་ནས་ཕྱིར་ལོག་སྟེ། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ཁྱམས་རར་ལངས་བསྡད་ནས་མི་ཀུན་ལ་ན་རེ། 15 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། ལྟོས་ཤིག བདག་གིས་གྲོང་ཁྱེར་འདི་དང་འདིའི་ཉེ་འཁོར་ཐམས་ཅད་ལ་རྒོལ་བར་བསྒྲགས་པའི་ཆག་སྒོ་དེ་ཐམས་ཅད་འབབ་པར་བྱའོ། །ཅི་ལ་ཞེ་ན། དེ་དག་གིས་སེམས་རྒྱུད་གྱོང་པོ་བྱས་ནས་བདག་གི་བཀའ་ལ་མི་མཉན་ནོ་ཞེས་གསུངས་ཞེས་སྨྲས་པའོ། །