ལེའུ་ཉི་ཤུ་པ།
ཡེ་རེམ་ཡཱ་དང་ཕཱ་ཤུར་བར་གྱི་འགལ་བ།
དེ་ཡང་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་འགོ་དཔོན་ཏེ། ཨིམ་མེར་གྱི་བུ་མཆོད་དཔོན་ཕཱ་ཤུར་གྱིས། ཡེ་རེམ་ཡཱས་དོན་འདི་དག་ལུང་སྟོན་པ་ཐོས་ནས། ལུང་སྟོན་པ་ཡེ་རེམ་ཡཱ་ལ་བརྡུངས་ཏེ། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་པེན་ཡཱ་མེན་གྱི་རྒྱ་སྒོ་གོང་མར་ལྕགས་སྒྲོག་བརྒྱབ་ནས་བཞག དེའི་ཕྱི་ཉིན་ཕཱ་ཤུར་གྱིས་ལྕགས་སྒྲོག་བཀྲོལ་ནས་ཡེ་རེམ་ཡཱ་བཏང་བས། ཡེ་རེམ་ཡཱ་ཡིས་དེ་ལ་འདི་ལྟར། དཀོན་མཆོག་ཡ་ཝཱེས་ཁྱོད་ཀྱི་མིང་ལ་ཕཱ་ཤུར་ཞེས་མི་འབོད་པར། མཱ་ཁེར་མཱེ་སཱ་ *ཞེས་འབོད་པ་ཡིན། ཅི་ལ་ཞེ་ན། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་ཤིག ངས་ཁྱོད་དང་ཁྱོད་ཀྱི་གྲོགས་པོ་ཐམས་ཅད་དངངས་ནས་འཚབ་པར་བྱེད་དེ། ཁྱོད་ཀྱིས་དེ་དག་དགྲ་ཡི་རལ་གྲི་འོག་ཏུ་འཆི་བ་དངོས་སུ་མཐོང་བར་འགྱུར། ཡང་ངས་ཡ་ཧུ་དཱ་པ་ཐམས་ཅད་པཱ་པེལ་ལོན་གྱི་རྒྱལ་པོའི་ལག་ཏུ་གཏོད་དགོས་ཤིང་། ཁོས་དེ་དག་བཙན་གྱིས་པཱ་པེལ་ལོན་དུ་འཁྲིད་པའམ་ཡང་ན་རལ་གྲིས་གསོད་པར་འགྱུར། ངས་གྲོང་ཁྱེར་འདིའི་ནོར་རྫས་ཐམས་ཅད་དང་། ངལ་རྩོལ་ལས་ཐོབ་པ་ཐམས་ཅད། རིན་པོ་ཆེ་ཐམས་ཅད། ད་དུང་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་གཏེར་མཛོད་ཐམས་ཅད་དགྲ་ཡི་ལག་ཏུ་གཏོད་པར་བྱེད་ཅིང་། དགྲ་ཡིས་དེ་དག་ཕྲོགས་ནས་བཅོམས་ཏེ་པཱ་པེལ་ལོན་དུ་འཁྱེར་བར་འགྱུར། ཀྱེ་ཕཱ་ཤུར་ཁྱོད་རང་དང་ཁྱོད་ཀྱི་ཁྱིམ་དུ་ཡོད་པ་ཐམས་ཅད་བཙོན་དུ་འཁྲིད་པར་འགྱུར་ལ། ཁྱོད་དང་ཁྱོད་ཀྱི་གྲོགས་པོ་རྣམས་ཏེ། ཁྱོད་ཀྱིས་ལུང་བསྟན་རྫུན་མ་སྨྲས་པ་དེ་ཐམས་ཅད་ནི་པཱ་པེལ་ལོན་དུ་ཁྲིད་ནས། དེ་རུ་འཆི་བ་དང་དེ་རུ་བསྐུང་བར་འགྱུར་ཞེས་པའོ་ཞེས་གསུངས་སོ། །
ཡེ་རེམ་ཡཱ་ཡིས་དཀོན་མཆོག་ཡ་ཝཱེ་ལ་སྡུག་ཡུས་བཏོན་པ།
ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱིས་ང་བསླུས་ཤིང་ང་ལ་བསླུ་བྲིད་ཐེབས་པ་ཡིན། ཁྱེད་ནི་ང་ལས་སྟོབས་ཆེ་བས་ཁྱེད་རྒྱལ་བར་གྱུར་པ་དང་། ང་རང་ཉིན་གང་པོར་གཞན་རྣམས་ཀྱི་འཕྱ་སྨོད་བྱེད་ཡུལ་དུ་གྱུར་ཅིང་མི་ཀུན་གྱིས་ང་ལ་འཕྱའོ། ། ངས་ནམ་རྒྱུན་གཏམ་སྨྲ་དུས་སྐད་ཆེན་པོ་བརྒྱབ་པ་དང་། སྐད་ཆེན་པོས་གདུག་རྩུབ་དང་འཕྲོག་བཅོམ་འབྱུང་ངོ་ཞེས་སྒྲོག་སྟེ། ཅི་ལ་ཞེ་ན། དཀོན་མཆོག་ཡ་ཝཱེའི་བཀའ་ཡིས་ང་རང་ཉིན་རེ་བཞིན་ངོ་ཚ་དང་འཕྱ་སྨོད་ལ་གཏད། གལ་ཏེ་ངས་ད་ནས་བཟུང་ཁོང་ཉིད་མི་གླེང་ལ། ཕྱིན་ཆད་ཁོང་གི་མཚན་གྱི་སྒོ་ནས་གཏམ་སྨྲ་བར་ཡང་མི་བྱ་ཞེས་སྨྲས་ན། ཁོང་གི་བཀའ་ནི་ངའི་སེམས་སུ་མེ་ལྟར་འབར་ཞིང་ངའི་རུས་པའི་ནང་དུ་སྦས་ཡོད་པར་འདྲ་སྟེ། ངས་དེ་བཟོད་མི་ཐུབ་ལ་དངོས་གནས་བཟོད་ཐབས་བྲལ་བ་ཡིན། 10 ངས་མི་མང་པོས་འདི་ལྟར། ཕྱོགས་བཞིར་འཇིགས་སྣང་གིས་བཀང་ཡོད། ཁོ་གཏུག་དང་། རང་ཅག་གིས་ཁོ་གཏུག་པར་བྱ་ཞེས་ཤབ་ཤུབ་སྨྲ་བ་ཐོས་ཏེ། ངའི་ཡིད་གྲོགས་རྣམས་ཀྱིས་ཀྱང་ང་འགྱེལ་བ་མཐོང་བར་བསྒུགས་ནས་ན་རེ། ཁོ་གཡོ་འོག་ཏུ་ཚུད་ན་ངེད་རྣམས་ཁོ་ལས་རྒྱལ་བར་འགྱུར་ལ། ཁོའི་སྟེང་དུ་དགྲ་ཤ་ལེན་ཡང་སྲིད་ཅེས་སྨྲས་སོ། ། 11 ཡིན་ཡང་། དཀོན་མཆོག་ཡ་ཝཱེ་ནི་ང་དང་མཉམ་དུ་བཞུགས་ཏེ་འཇིགས་སུ་རུང་བའི་དཔའ་བོ་བརྗིད་ཉམས་ཅན་ཞིག་དང་མཚུངས་པས་ན། ང་ལ་གནོད་སྐྱེལ་མཁན་ཐམས་ཅད་འགྱེལ་ཞིང་རྒྱལ་བར་མི་འགྱུར་ལ། དེ་རྣམས་ཕམ་པས་ཤིན་ཏུ་ངོ་ཚ་བར་འགྱུར་ཏེ། ཡང་དེ་རྣམས་ཀྱིས་ཤེས་རབ་བཞིན་སྤྱོད་པ་མ་སྤྱད་པས་ན་ཇི་སྲིད་བར་དུ་བརྗེད་མི་ཐུབ་པའི་ངོ་ཚ་དེ་འབྱུང་བར་འགྱུར། 12 དྲང་བདེན་མི་ལ་ཞིབ་དཔྱོད་མཛད་མཁན་དང་། མིའི་སེམས་དང་བསམ་པར་གཟིགས་པའི་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱིས་དེ་དག་ལས་དགྲ་ཤ་ལེན་པ་ང་ལ་མཐོང་བར་མཛོད་དང་། ཅི་ལ་ཞེ་ན། ངས་རང་གི་དོན་ནི་ཁྱེད་ལ་བཅོལ་བའི་ཕྱིར་རོ། ། 13 ཁྱོད་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེར་བསྟོད་དབྱངས་ཕུལ་ཞིག དཀོན་མཆོག་ཡ་ཝཱེར་བསྟོད་པ་ཕུལ་ཞིག ཅི་ལ་ཞེ་ན། ཁོང་གིས་དབུལ་པོའི་སྲོག་བསྐྱབས་ཏེ་ངན་པའི་ལག་ནས་ཐར་བར་མཛད་དོ། ། 14 ང་སྐྱེས་པའི་ཉིན་དེ་ལ་དམོད་མོ་ཐེབས་གྱུར་ཅིག ངའི་མ་ཡིས་ང་བཙས་པའི་ཉིན་དེ་ལ་བྱིན་རླབས་མི་ཐོབ་པར་ཤོག 15 ངའི་ཕ་ལ་ཁྱོད་ལ་བུ་ཞིག་སྐྱེས་བྱུང་ཞེས་འཕྲིན་བསྐྱལ་ནས་ངའི་ཕ་རབ་ཏུ་དགའ་བར་བྱེད་མཁན་དེ་ལ་དམོད་མོ་ཐེབས་གྱུར་ཅིག 16 ཡང་མི་དེ་ནི་དཀོན་མཆོག་ཡ་ཝཱེས་སྙིང་རྗེ་མ་གནང་བར་ཕམ་པར་བཟོས་པའི་གྲོང་ཁྱེར་དང་འདྲ་བར་གྱུར་ཅིག དེ་ཡིས་ཞོགས་པར་སྨྲེ་སྔགས་དང་ཉིན་གུང་འཐབ་མོའི་ཀི་སྒྲ་ཐོས་གྱུར་ཅིག 17 ཅི་ལ་ཞེ་ན། དེས་ངའི་མ་ནི་ངའི་དུར་ཁུང་དུ་གྱུར་ནས་ང་མ་ཡི་མངལ་ནང་དུས་གཏན་དུ་ལུས་པའི་ཆེད་དུ། ང་མངལ་ལས་མ་སྐྱེས་སྔོན་དུ་མ་བསད་པས་སོ། ། 18 ང་མ་ཡི་མངལ་ལས་ཐོན་ནས་དཀའ་ངལ་དང་སྡུག་བསྔལ་ལ་ཕྲད་དེ། ངའི་མི་ཚེ་འདི་ངོ་ཚའི་ནང་དུ་རོལ་དགོས་པ་ཅི་ཡིན་ནམ།
* ལེའུ་ཉི་ཤུ་པ།:3 མཱ་ཁེར་མཱེ་སཱ་ཞེས་པ་ནི་ཕྱོགས་བཞིར་དགྲ་བོའི་རལ་གྲི་དང་འཇིགས་སྣང་ཡོད་པའི་དོན་ལ་འཇུག