ལེའུ་བཅུ་དྲུག་པ།
སྡིག་པ་བཤགས་པའི་ཉིན་མོ།
ཨ་རོན་གྱི་བུ་གཉིས་དཀོན་མཆོག་ཡ་ཝཱེའི་ཉེ་དྲུང་དུ་བཅར་ཏེ་ཤི་བའི་རྗེས་སུ། དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་གསུང་གླེང་མཛད་ཅིང་། འདི་སྐད་དུ། ཁྱོད་ཀྱིས་རང་གི་ཕུ་བོ་ཨ་རོན་ལ། ཁོ་རང་མི་འཆི་བའི་ཕྱིར་དུ། དུས་གང་རུང་དུ་གནས་དམ་པའི་ཡོལ་བ་ནང་གི་ཤུར་སྒམ་གྱི་སྟེང་ལ་ཡོད་པའི་ཐུགས་རྗེའི་བཞུགས་ཁྲི་མདུན་དུ་མི་འགྲོ་བར་སྒོས་ཤིག ཅིའི་ཕྱིར་ཞེ་ན། བདག་ནི་ཐུགས་རྗེའི་བཞུགས་ཁྲི་སྟེང་གི་སྤྲིན་གསེབ་ནས་སྣང་བར་འགྱུར་རོ། ། ཨ་རོན་གནས་དམ་པ་རུ་འདི་ལྟར་འཛུལ་དགོས་ཏེ། སྡིག་བཤགས་མཆོད་པར་སྒོ་ཕྱུགས་ལས་གླང་ཐུག་ཅིག་དང་། སྦྱིན་སྲེག་ཏུ་ལུག་ཐུག་ཅིག་བཅས་མཉམ་དུ་འཛུལ་དགོས། ཁོས་སོ་རས་སྲབ་བུའི་ཕྱི་གོས་དམ་པ་དང་ནང་གོས་ལུས་ལ་གྱོན་ཏེ། སོ་རས་སྲབ་བུའི་སྐེད་ཆིངས་བཅིང་དགོས་ལ། སོ་རས་སྲབ་བུའི་ལ་ཐོད་ཀྱང་དཀྲི་བར་བྱའོ། །དེ་དག་ནི་ན་བཟའ་དམ་པ་ཡིན་པས། ཁོས་རང་གི་ལུས་ཆུ་ཡིས་བཀྲུས་ནས་དེ་དག་གྱོན་དགོས། ཁོས་ཡེས་ར་ཨེལ་པ་རྣམས་ཀྱི་མི་ཚོགས་ལས་ར་ཕོ་གཉིས་སྡིག་བཤགས་མཆོད་པར་འབུལ་བ་དང་། ལུག་ཐུག་གཅིག་སྦྱིན་སྲེག་ཏུ་འབུལ་བའི་ཕྱིར་ལེན་དགོས་སོ། ། ཨ་རོན་གྱིས་ཁོ་རང་གི་སྡིག་བཤགས་མཆོད་པའི་གླང་ཐུག་ཕུལ་ནས། ཁོ་རང་ཉིད་དང་ཁྱིམ་མི་རྣམས་ཀྱི་སྡིག་པ་བཤག་དགོས་ལ། ཡང་ར་ཕོ་གཉིས་པོ་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཁྲིད་འོངས་ཏེ་མཇལ་འཕྲད་གུར་མཆོག་གི་སྒོ་ཁར་འཇོག་དགོས། ཨ་རོན་གྱིས་ར་ཐུག་དེ་གཉིས་ལ་རྒྱན་འཕངས་ནས། གཅིག་ནི་དཀོན་མཆོག་ཡ་ཝཱེ་ལ་དབང་བ་དང་། ཅིག་ཤོས་ནི་ཨ་ཟཱ་ཟེལ་ལ་དབང་བར་བྱེད་དགོས། ཨ་རོན་གྱིས་རྒྱན་བླངས་ནས་དཀོན་མཆོག་ཡ་ཝཱེ་ལ་བབས་པའི་ར་ཐུག་དེ་ཁྲིད་འོངས་ཏེ་སྡིག་བཤགས་མཆོད་པར་འབུལ་བ་དང་། 10 རྒྱན་བླངས་ནས་ཨ་ཟཱ་ཟེལ་ལ་བབས་པའི་ར་ཐུག་དེ་ནི། སྡིག་པ་བཤག་བྱེད་དུ་གསོན་པོར་དཀོན་མཆོག་ཡ་ཝཱེའི་དྲུང་དུ་འཇོག་དགོས་ལ། དེ་ནས་ཨ་ཟཱ་ཟེལ་གྱི་ཕྱོགས་སུ་ཐང་སྟོང་དུ་གཏོང་དགོས་སོ། ། 11 ཡང་ཨ་རོན་གྱིས་རང་གི་སྡིག་བཤགས་མཆོད་པའི་གླང་ཐུག་ཕུལ་ནས། ཁོ་རང་ཉིད་དང་ཁྱིམ་མི་རྣམས་ཀྱི་སྡིག་པ་བཤག་དགོས་པ་དང་། ཁོས་རང་གི་སྡིག་བཤགས་མཆོད་པའི་གླང་ཐུག་བཤའ་དགོས། 12 ཁོས་དཀོན་མཆོག་ཡ་ཝཱེའི་མདུན་དྲུང་གི་མཆོད་ཁྲི་ལས་སོལ་མེས་གང་བའི་སྤོས་ཕོར་དང་། བདུག་སྤོས་ཞིབ་བཏགས་ཁྱོར་བ་དོ་བླངས་ནས་ཡོལ་བའི་རྒྱབ་ཏུ་འཁྱེར་འོང་དགོས། 13 མི་དེ་འཆི་བར་མི་འགྱུར་བའི་ཕྱིར་བདུག་སྤོས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་མེ་ལ་སྒྲོན་ནས། བདུག་སྤོས་ཀྱི་དུ་སྤྲིན་གྱིས་དཔང་མཛད་ཤུར་སྒམ་གྱི་སྟེང་དུ་ཡོད་པའི་ཐུགས་རྗེའི་བཞུགས་ཁྲི་གཡོག་པར་བྱའོ། ། 14 ཁོས་གླང་ཐུག་གི་ཁྲག་ཉུང་ཙམ་བླངས་ནས། མཛུབ་མོས་ཐུགས་རྗེའི་བཞུགས་ཁྲིའི་མདུན་དང་ཤར་ཕྱོགས་སུ་གཏོར་བ་དང་། ཡང་ཐུགས་རྗེའི་བཞུགས་ཁྲིའི་མདུན་དུ་ཁྲག་དེ་མཛུབ་མོས་ལན་བདུན་གཏོར་དགོས། 15 ཁོས་མི་རྣམས་ཀྱི་སྡིག་བཤགས་མཆོད་པར་འབུལ་བའི་ར་ཐུག་བཤས་ནས། དེའི་ཁྲག་ཡོལ་བའི་རྒྱབ་ཏུ་འཁྱེར་འོང་ཞིང་། གླང་ཐུག་གི་ཁྲག་གཏོར་བ་བཞིན་དུ་ཁྲག་འདི་ཡང་ཐུགས་རྗེའི་བཞུགས་ཁྲིའི་སྟེང་དང་དེའི་མདུན་དུ་གཏོར་དགོས། 16 ཡང་ཡེས་ར་ཨེལ་པ་རྣམས་ཀྱི་མི་གཙང་བ་དང་ཉེས་སྐྱོན་ཏེ། ཁོ་རྣམས་ཀྱི་སྡིག་པ་མཐའ་དག་གི་ཕྱིར་དུ། ཁོས་གནས་དམ་པའི་སྡིག་པ་བཤག་དགོས་ལ། ཁོས་དེ་རྣམས་ཀྱི་མི་གཙང་བའི་དབུས་སུ་གནས་པའི་མཇལ་འཕྲད་གུར་མཆོག་གི་ཕྱིར་དུའང་དེ་བཞིན་བྱེད་དགོས། 17 ཁོ་གནས་དམ་པ་རུ་འཛུལ་ནས་སྡིག་པ་བཤགས་པའི་དུས་སུ། ཁོས་རང་ཉིད་དང་ཁྱིམ་མི་རྣམས་དང་། ཡེས་ར་ཨེལ་པ་རྣམས་ཀྱི་མི་ཚོགས་ཐམས་ཅད་ཀྱི་སྡིག་པ་བཤགས་ནས་ཕྱི་རོལ་ཏུ་ཐོན་པའི་བར་དུ་མཇལ་འཕྲད་གུར་མཆོག་ཏུ་མི་སུ་ཡང་ཡོད་མི་རུང་། 18 ཁོ་ཕྱི་རོལ་ཏུ་ཐོན་རྗེས་དཀོན་མཆོག་ཡ་ཝཱེའི་མདུན་དྲུང་གི་མཆོད་ཁྲིའི་རྩར་སོང་སྟེ་དེའི་སྡིག་པ་བཤག་དགོས། ཁོས་གླང་ཐུག་གི་ཁྲག་དང་ར་ཐུག་གི་ཁྲག་ལས་ཉུང་ཙམ་བླངས་ནས་མཆོད་ཁྲིའི་ཕྱོགས་བཞི་རུ་ཡོད་པའི་རུ་ཐུར་བཞི་པོར་འབྱུག་དགོས། 19 ཡང་མཛུབ་མོས་དེའི་ཁྲག་མཆོད་ཁྲིའི་སྟེང་ལན་བདུན་ལ་གཏོར་བ་དང་། ཡེས་ར་ཨེལ་པ་རྣམས་མི་གཙང་བ་ལས་གཙང་མ་དང་དམ་པར་བཟོ་དགོས་སོ། ། 20 ཡང་ཨ་རོན་གྱིས་གནས་དམ་པ་དང་མཇལ་འཕྲད་གུར་མཆོག མཆོད་ཁྲི་བཅས་ཀྱི་སྡིག་པ་བཤགས་ཚར་རྗེས། ར་ཐུག་གསོན་པོ་དེ་འཁྲིས་སུ་འཁྲིད་འོང་དགོས། 21 ཁོའི་ལག་པ་གཉིས་ཀ་ར་ཐུག་གསོན་པོའི་མགོ་ལ་བཞག་ནས། ཡེས་ར་ཨེལ་པ་རྣམས་ཀྱི་ནག་ཉེས་དང་སྐྱོན་ཐམས་ཅད་དེ། ཁོ་རྣམས་ཀྱི་སྡིག་པ་ཐམས་ཅད་མཐོལ་བཤགས་བྱས་ཏེ། སྡིག་པ་ཐམས་ཅད་ར་ཐུག་གི་མགོ་ལ་བཀལ་ནས། ཆེད་བསྐོས་ཀྱི་མི་ཞིག་གིས་དེ་ཐང་སྟོང་དུ་གཏོང་དགོས། 22 ར་ཐུག་གིས་དེ་ཚོའི་ནག་ཉེས་ཐམས་ཅད་འཁུར་ཞིང་གནས་དབེན་པ་ཞིག་ཏུ་འཁྱེར་དགོས་པས། མི་དེས་ར་ཐུག་ནི་ཐང་སྟོང་དུ་གཏོང་དགོས་སོ། ། 23 དེ་ནས་ཨ་རོན་མཇལ་འཕྲད་གུར་མཆོག་གི་ནང་དུ་འཛུལ་ཞིང་། སྔར་གནས་དམ་པ་རུ་འགྲོ་དུས་གྱོན་པའི་སོ་རས་སྲབ་བུའི་གོས་རྣམས་ཕུད་ནས་དེར་འཇོག་པ་དང་། 24 ཡང་གནས་དམ་པ་རུ་ལུས་པོ་ཆུ་ཡིས་བཀྲུས་རྗེས་རང་གི་གོས་རྣམས་གྱོན་ནས་ཕྱི་རུ་འོངས་ཏེ། རང་གི་སྦྱིན་སྲེག་དང་མི་རྣམས་ཀྱི་སྦྱིན་སྲེག་ཕུལ་ནས་རང་ཉིད་དང་མི་རྣམས་ཀྱི་སྡིག་པ་བཤག་དགོས་ལ། 25 སྡིག་བཤགས་མཆོད་པར་ཕུལ་བའི་ཕྱུགས་ཟོག་གི་ཚིལ་རྣམས་མཆོད་ཁྲིའི་སྟེང་བསྲེག་དགོས། 26 ར་ཐུག་ཨ་ཟཱ་ཟེལ་གྱི་ཕྱོགས་སུ་གཏོང་མཁན་གྱི་མི་དེས། རང་གི་གོས་རྣམས་བཀྲུ་བ་དང་ལུས་པོ་ཆུ་ཡིས་བཀྲུས་རྗེས་ད་གཟོད་སྒར་ནང་དུ་འགྲོ་རུང་བ་ཡིན། 27 སྡིག་བཤགས་མཆོད་པའི་གླང་ཐུག་དང་། སྡིག་བཤགས་མཆོད་པའི་ར་ཐུག་གཉིས་ཀྱི་ཁྲག་གནས་དམ་པ་རུ་ཁྱེར་ཏེ་སྡིག་པ་བཤགས་པའི་རྗེས་སུ། གླང་ཐུག་དང་ར་ཐུག་དེ་གཉིས་སྒར་ཁའི་ཕྱི་རོལ་ཏུ་ཁྱེར་ནས། པགས་པ་དང་ཤ་དང་ལྕི་བ་བཅས་ཐམས་ཅད་མེ་ལ་བསྲེག་དགོས། 28 དེ་དག་སྲེག་མཁན་གྱིས་རང་གི་གོས་རྣམས་བཀྲུ་བ་དང་། ལུས་པོ་ཆུ་ཡིས་བཀྲུས་རྗེས་ད་གཟོད་སྒར་ནང་དུ་འགྲོ་རུང་བ་ཡིན་ནོ། ། 29 དེ་དག་ཁྱོད་ཅག་གི་དུས་གཏན་གྱི་སྒྲིག་ཁྲིམས་ཡིན་ཏེ། ལོ་རེའི་ཟླ་བ་བདུན་པའི་ཚེས་བཅུ་པར་རང་ཉིད་ཁྱད་གསོད་བྱེད་དགོས་པ་དང་། གཞིས་སུ་སྐྱེས་པའམ་ཁྱོད་ཚོའི་དབུས་སུ་སྡོད་པའི་བྱེས་པ་གང་གིས་ཀྱང་ལས་ཀ་ཅི་ཡང་བྱེད་མི་རུང་། 30 ཅིའི་ཕྱིར་ཞེ་ན། ཉིན་དེ་ཉིད་དུ་ཁོས་ཁྱོད་ཅག་གཙང་མར་བཟོ་ཆེད་སྡིག་པ་བཤགས་པ་ཡིན་པས། དཀོན་མཆོག་ཡ་ཝཱེའི་མདུན་དྲུང་དུ་ཁྱོད་རྣམས་ཀྱི་སྡིག་པ་ཐམས་ཅད་དག་ཅིང་། 31 ཉིན་དེ་ནི་ཁྱོད་རྣམས་ཀྱིས་ངལ་གསོ་ཡོངས་སུ་རྫོགས་པའི་ཉིན་མོ་རུ་བསྲུངས་ནས། རང་ཉིད་ཁྱད་གསོད་བྱེད་དགོས་ལ། དེ་ནི་དུས་གཏན་གྱི་སྒྲིག་ཁྲིམས་ཡིན། 32 སྣུམ་གྱིས་བྱུགས་ཤིང་ཕ་ཡི་ཚབ་ཏུ་ལས་འགན་དམ་པ་འཁུར་མཁན་མཆོད་དཔོན་གྱིས་སོ་རས་ཀྱི་གོས་དམ་པ་རྣམས་གྱོན་ཞིང་སྡིག་པ་བཤགས་པ་སྟེ། 33 གནས་དམ་མཆོག་དང་མཇལ་འཕྲད་གུར་མཆོག མཆོད་ཁྲི་བཅས་ཀྱི་ཕྱིར་སྡིག་པ་བཤགས་པར་མ་ཟད། མཆོད་དཔོན་རྣམས་དང་མི་ཚོགས་ཐམས་ཅད་ཀྱི་ཕྱིར་དུ་ཡང་སྡིག་པ་བཤག་དགོས། 34 ཡེས་ར་ཨེལ་པ་རྣམས་ཀྱི་སྡིག་པ་ཐམས་ཅད་ཀྱི་རྐྱེན་གྱིས། ལོ་རེར་ཐེངས་གཅིག་ལ་དེ་དག་གི་སྡིག་པ་བཤག་དགོས་པས། འདི་ནི་ཁྱོད་རྣམས་ཀྱི་དུས་གཏན་གྱི་སྒྲིག་ཁྲིམས་ཡིན་ནོ་ཞེས་བཀའ་བསྩལ་ཏོ། །དེ་ནས་ཨ་རོན་གྱིས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་ཅི་ལྟར་བཀའ་བསྩལ་པ་བཞིན་དུ་བསྒྲུབས་སོ། །