ལེའུ་བཅུ་བདུན་པ།
དམར་མཆོད་བཤའ་བའི་ཁྲིམས།
དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱིས་ཨ་རོན་དང་ཁོའི་བུ་རྣམས་དང་། ཡེས་ར་ཨེལ་པ་ཐམས་ཅད་ལ་འདི་ལྟར་སྒོས་ཤིག དཀོན་མཆོག་ཡ་ཝཱེས་བཀའ་གནང་བ་ནི་འདི་ལྟ་སྟེ། ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ལས་སུ་ཞིག་གིས་བ་གླང་ངམ། ལུག་ཐུག་གམ་ར་ཐུག་བཅས་གང་རུང་བཤའ་བ་ཡིན་ན། སྒར་ནང་ངམ་སྒར་ཕྱི་གང་དུ་བཤས་ཀྱང་། གལ་སྲིད་ཕྱུགས་ཟོག་དེ་མཇལ་འཕྲད་གུར་མཆོག་གི་སྒོ་ཁ་རུ། དཀོན་མཆོག་ཡ་ཝཱེའི་གུར་མཆོག་གི་མདུན་དུ་ཁྲིད་འོངས་ཏེ་དཀོན་མཆོག་ཡ་ཝཱེ་ལ་མཆོད་པར་འབུལ་བ་མིན་ན། ཁྲག་བཞུར་བ་དེ་ནི་མི་དེའི་ཉེས་པར་བགྲང་དགོས་ཤིང་། ཁོས་ཁྲག་བཞུར་དུ་བཅུག་པས་མི་དེ་ནི་རང་གི་མི་མང་ལས་མེད་པར་གཏོང་དགོས་ལ། དེ་ནི་ཡེས་ར་ཨེལ་པ་རྣམས་ཀྱིས་ཐང་རྒོད་དུ་བཤའ་བའི་དམར་མཆོད་རྣམས་དཀོན་མཆོག་ཡ་ཝཱེའི་མདུན་དྲུང་སྟེ། མཇལ་འཕྲད་གུར་མཆོག་གི་སྒོ་ཁ་རུ། མཆོད་དཔོན་གྱི་མདུན་དུ་ཁྱེར་འོངས་ནས་དམར་མཆོད་དེ་རྣམས་བཤའ་བ་དང་། དེ་རྣམས་དཀོན་མཆོག་ཡ་ཝཱེར་ཞི་བདེའི་མཆོད་པ་རུ་འབུལ་དགོས་པའི་ཕྱིར་རོ། ། མཆོད་དཔོན་གྱིས་མཇལ་འཕྲད་གུར་མཆོག་གི་སྒོ་ཁ་རུ། ཁྲག་ནི་དཀོན་མཆོག་ཡ་ཝཱེའི་མཆོད་ཁྲི་སྟེང་གཏོར་བ་དང་། ཚིལ་ནི་བསྲེགས་ཏེ་དཀོན་མཆོག་ཡ་ཝཱེ་ལ་དྲི་ཞིམ་མཆོད་པ་རུ་འབུལ་དགོས། ཁོ་ཚོས་ད་ནི་རྗེས་སུ་འབྲངས་ཏེ་ལོག་གཡེམ་བྱེད་པའི་ར་ཐུག་གི་རྟེན་རྣམས་ལ་དམར་མཆོད་འབུལ་བར་མི་བྱ་ཞིང་། དེ་ནི་ཁོ་རྣམས་ཀྱི་མི་རབས་ནས་མི་རབས་བར་དུས་གཏན་གྱི་སྒྲིག་ཁྲིམས་ཡིན་ནོ་ཞེས་པའོ། ། ཁྱོད་ཀྱིས་དེ་དག་ལ་འདི་ལྟར་སྨྲོས་ཤིག ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱི་མི་དང་དེ་དག་ཁྲོད་དུ་གནས་པའི་བྱེས་པ་སུ་དང་གང་ཞིག་གིས་སྦྱིན་སྲེག་དང་མཆོད་རྫས་འབུལ་བ་ཡིན་ཚེ། གལ་སྲིད་མཇལ་འཕྲད་གུར་མཆོག་གི་སྒོ་ཁར་ཁྱེར་འོངས་ཏེ་དཀོན་མཆོག་ཡ་ཝཱེ་ལ་འབུལ་བ་མིན་ན། མི་དེ་ནི་མི་མང་ལས་མེད་པར་གཏོང་དགོས་སོ། །
ཁྲག་བཟའ་མི་རུང་བའི་ཁྲིམས།
10 ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་དང་དེ་དག་གི་ཁྲོད་དུ་གནས་པའི་བྱེས་པ་སུ་དང་སུ་ཞིག་གིས་ཁྲག་གང་རུང་ཟོས་ན། ཁྲག་ཟ་བའི་མི་དེ་ལ་བདག་གི་གདོང་མདོག་ལོག་ཅིང་རང་གི་མི་མང་ལས་མེད་པར་གཏོང་བར་བྱའོ། ། 11 གང་ལ་ཞེ་ན། སྲོག་ཆགས་ཀྱི་ཚེ་སྲོག་ནི་ཁྲག་གི་ནང་དུ་ཡོད་ཅིང་། ཁྲག་ནི་ཚེ་སྲོག་ཡིན་ལ་སྡིག་པ་བཤག་ནུས་པས། མཆོད་ཁྲིའི་སྟེང་ཁྱོད་རྣམས་ཀྱི་ཚེ་སྲོག་གི་ཕྱིར་སྡིག་པ་བཤག་པའི་ཆེད་དུ། བདག་གིས་ཁྲག་ནི་ཁྱོད་རྣམས་ལ་སྤྲད་པ་ཡིན་ནོ། ། 12 དེ་བས་ན། བདག་གིས་ཡེས་ར་ཨེལ་པ་རྣམས་ལ་འདི་སྐད་དུ། ཁྱོད་རྣམས་སུ་ཡིན་ཡང་ཁྲག་བཟའ་མི་རུང་ལ། ཁྱོད་ཅག་གི་ཁྲོད་དུ་གནས་པའི་བྱེས་པ་རྣམས་ཀྱིས་ཀྱང་ཁྲག་བཟའ་མི་རུང་ཞེས་སྨྲས་པའོ། ། 13 ཡེས་ར་ཨེལ་པ་ཐམས་ཅད་དང་དེ་དག་གི་ཁྲོད་དུ་གནས་པའི་བྱེས་པ་སུ་དང་སུ་ཡིན་ཡང་། བཟའ་རུང་བའི་འདབ་ཆགས་སམ་རི་དྭགས་བརྔོན་པ་ཡིན་ན། དེའི་ཁྲག་བཞུར་དུ་བཅུག་ནས་ས་ཡིས་འགེབ་དགོས་སོ། ། 14 གང་ལ་ཞེ་ན། སྲོག་ཆགས་ཐམས་ཅད་ཀྱི་ཚེ་སྲོག་སྟེ། ཁྲག་ནི་དེའི་ཚེ་སྲོག་ཡིན་པས་སོ། །དེའི་ཕྱིར་བདག་གིས་ཡེས་ར་ཨེལ་པ་རྣམས་ལ་འདི་སྐད་དུ། ཁྱོད་ཅག་གིས་སྲོག་ཆགས་གང་ཡིན་ཡང་དེའི་ཁྲག་བཟའ་མི་རུང་སྟེ། སྲོག་ཆགས་ཐམས་ཅད་ཀྱི་ཚེ་སྲོག་ནི་དེའི་ཁྲག་ཡིན་པས་སོ། །ཁྲག་བཟའ་བའི་མི་ཐམས་ཅད་ནི་མེད་པར་གཏོང་ངེས་ཡིན་ཞེས་སྨྲས་པའོ། ། 15 དེ་ཡང་གཞིས་སྐྱེས་སམ་བྱེས་པ་སུ་ཡིན་ཡང་། རང་བཞིན་གྱིས་ཤི་བའམ་གཅན་གཟན་གྱིས་བསད་པའི་སྲོག་ཆགས་ཟོས་པ་ཡིན་ན། མི་དེས་རང་གི་གོས་རྣམས་བཀྲུ་བ་དང་། ལུས་པོ་ཆུ་ཡིས་བཀྲུ་དགོས་ཤིང་། དགོང་མོའི་བར་དུ་མི་གཙང་བ་དང་། དེའི་རྗེས་སུ་གཙང་བའོ། ། 16 འོན་ཀྱང་ཁོས་གོས་དང་ལུས་པོ་མ་བཀྲུས་ན། རང་གི་ནག་ཉེས་འཁུར་དགོས་ཞེས་བཀའ་བསྩལ་ཏོ། །