ལེའུ་གཉིས་པ།
ནེ་ཧེམ་ཡཱ་ཕྱིར་ཡེ་རུ་སཱ་ལེམ་དུ་ལོག་པ།
དེ་ནས། རྒྱལ་པོ་ཨར་ཐག་ཤཱ་ཐི་ཡིས་རྒྱལ་སྲིད་བསྐྱངས་པའི་ལོ་ཉི་ཤུ་པའི་ནེ་སཱན་ཞེས་པའི་ཟླ་བར་རྒུན་ཆང་རྒྱལ་པོའི་མདུན་དུ་ཡོད་པ་དང་། ངས་ཆང་དེ་བླངས་ནས་རྒྱལ་པོར་ཕུལ་ཏོ། །སྔོན་ཆད་ངས་རྒྱལ་པོའི་དྲུང་ནས་སྐྱོ་བའི་རྣམ་འགྱུར་བསྟན་མྱོང་མེད། རྒྱལ་པོས་ང་ལ། ཁྱོད་ལ་ནད་གང་ཡང་མེད་པས་ཁྱོད་ཀྱི་ངོ་གདོང་སྐྱོ་བོར་མཐོང་བ་དེ་ཅི་ཡིན། དེ་ནི་གཞན་གང་ཡང་མིན་ཏེ་སེམས་སྡུག་ཡིན་ནོ་ཞེས་གསུངས་པས། ང་ཤིན་ཏུ་འཇིགས་སྐྲག་སྐྱེས་སོ། ། ངས་རྒྱལ་པོར་འདི་ལྟར། རྒྱལ་པོ་སྐུ་ཚེ་བརྟན་པར་ཤོག ངའི་ཡབ་མེས་ཀྱི་དུར་ས་ཡོད་པའི་གྲོང་ཁྱེར་དེ་སྟོང་བར་ལུས་ནས། དེའི་མཁར་སྒོ་རྣམས་མེས་བསྲེགས་འདུག་པས། ངའི་གདོང་ལ་སྡུག་ཉམས་མི་འབྱུང་ངམ་ཞེས་ཞུས། རྒྱལ་པོས་ང་ལ། ཁྱོད་ལ་རེ་བ་ཅི་ཞིག་ཡོད་ཅེས་གསུངས་པས། ངས་ནམ་མཁའི་དཀོན་མཆོག་ལ་གསོལ་བ་བཏབ་ནས་རྒྱལ་པོ་ལ། གལ་ཏེ་རྒྱལ་པོའི་ཐུགས་ལ་འབབ་ཅིང་། ཞབས་ཕྱི་བདག་ལ་ཐུགས་རྗེས་གཟིགས་པ་ཡིན་ན། ཕྲན་ཡ་ཧུ་དཱ་ཡུལ་ཏེ་ངའི་ཡབ་མེས་ཀྱི་དུར་ས་ཡོད་སའི་གྲོང་ཁྱེར་དེ་རུ་མངགས་ནས་བསྐྱར་བཞེངས་གནང་བར་མཛོད་ཅིག་ཅེས་ཞུས་པ་དང་། སྐབས་དེར། རྒྱལ་མོའང་ཁོའི་འགྲམ་དུ་བཞུགས་ཡོད་དེ། རྒྱལ་པོས་ང་ལ། ཁྱོད་སོང་ན་ག་ཚོད་འགོར་རམ། ནམ་ཞིག་ཕྱིར་ལོག་འོང་ངམ་ཞེས་དྲིས་བྱུང་། རྒྱལ་པོ་ང་མངག་རྒྱུར་ཐུགས་འཐད་བྱུང་ཞིང་། ངས་རྒྱལ་པོར་ཟླ་ཚེས་གཏན་ཁེལ་བྱས་སོ། ། ཡང་ངས་རྒྱལ་པོ་ལ། རྒྱལ་པོ་ཐུགས་མཉེས་ན། རྒྱལ་པོས་བཀའ་ཡིག་བསྩལ་ཏེ་གཙང་པོའི་ཕ་རོལ་གྱི་འགོ་དཔོན་རྣམས་ལ་ང་ཡ་ཧུ་དཱའི་བར་དུ་གཏོང་བའི་ཕྱིར་བརྡ་རྒྱག་རོགས། ཡང་བཀའ་ཡིག་བསྩལ་ཏེ། རྒྱལ་པོའི་ནགས་སྲུང་ཨ་སབ་ལ་བརྡ་བརྒྱབ་ནས། མཆོད་ཁང་མཁར་རྫོང་གི་སྒོ་རྣམས་དང་གྲོང་ཁྱེར་གྱི་མཁར་གྱང་དང་། ང་སྡོད་སའི་ཁང་པའི་འཕྲེད་གདུང་བཅས་ཀྱི་ཆེད་དུ་ང་ལ་ཤིང་སྡོང་གནང་བར་མཛོད་ཅེས་ཞུས་པར། དཀོན་མཆོག་གི་ཕྱག་ཐུགས་རྗེ་ཅན་གྱིས་ང་ལ་རོགས་སྐྱོར་མཛད་དེ་རྒྱལ་པོས་དེ་བཞིན་དུ་གནང་བྱུང་། རྒྱལ་པོས་དམག་དཔོན་དང་རྟ་དམག་མངགས་ནས་ང་རང་བསྐྱལ་བ་དང་། དེ་ནས་ང་གཙང་པོའི་ཕ་རོལ་གྱི་འགོ་དཔོན་རྣམས་ཀྱི་རྩར་སླེབས་ནས། རྒྱལ་པོའི་བཀའ་ཡིག་རྣམས་སྤྲད་པ་ཡིན་ནོ། ། 10 ཡང་ཧོ་རོན་པ་སན་པཱ་ལད་དང་ཨམ་མོན་པ་ཏོ་བི་ཡཱ་ཞེས་པའི་འཁོར་གཡོག་གིས། མི་ཞིག་ཡེས་ར་ཨེལ་པ་རྣམས་ཀྱི་ཁེ་ཕན་རྩོད་དུ་སླེབས་བྱུང་བ་ཐོས་པའི་ཚེ་ཤིན་ཏུ་མི་དགའ་བར་གྱུར་ཏོ། །
11 དེ་ནས་ང་ཡེ་རུ་སཱ་ལེམ་དུ་འོངས་ནས་ཉིན་གསུམ་ལ་བསྡད་པ་དང་། 12 ང་དང་ངའི་མཉམ་དུ་ཡོད་པའི་མི་འགའ་ཞིག་མཚན་མོར་ཡར་ལངས། ཡིན་ནའང་དཀོན་མཆོག་གིས་ང་ལ་སེམས་འགུལ་ཐེབས་པར་མཛད་ནས། ཡེ་རུ་སཱ་ལེམ་གྱི་ཕྱིར་བསྒྲུབ་རྒྱུ་ཡིན་པའི་ལས་དེ་ནི་མི་སུ་ལ་ཡང་མ་བཤད། བདག་གི་ཞོན་པ་མ་གཏོགས་སྒོ་ཕྱུགས་གཞན་གང་ཡང་ང་དང་མཉམ་དུ་མེད་དོ། ། 13 མཚན་མོ་དེར་ང་རང་ལུང་སྒོ་ནས་བུད་དེ་འབྲུག་གི་ཆུ་མིག་ཕྱོགས་སུ་ཕྱིན་ཏེ། ལྕི་བའི་སྒོ་ནས་ཐོན་ཞིང་། ཡེ་རུ་སཱ་ལེམ་གྱི་ཞིག་རལ་དུ་གྱུར་པའི་མཁར་གྱང་དང་མེས་བསྲེགས་པའི་མཁར་སྒོ་ལ་བལྟས། 14 དེ་ནས་ང་རང་ཆུ་མིག་གི་སྒོ་ཡོད་སར་ཕྱིན་པ་དང་། ཡང་རྒྱལ་པོའི་རྫིང་བུ་ལ་སླེབས་པ་ན། དེར་ང་རང་ཞོན་པའི་སྒོ་ཕྱུགས་ལ་ཕར་འགྲོ་བའི་ལམ་མེད་དོ། ། 15 དེའི་ཕྱིར་མཚན་མོར་མུ་མཐུད་དུ་ཆུ་ཕྲན་དེད་ནས་ཡར་ཕྱིན་ཏེ། མཁར་གྱང་ལ་བལྟས་ཤིང་ཡང་ཁ་ཕྱིར་འཁོར་ཏེ་ལུང་སྒོར་ཞུགས་ནས་འོངས་སོ། ། 16 ང་རང་གང་དུ་སོང་བ་དང་དོན་ཅི་བསྒྲུབས་པ་ནི་དཔོན་ཆེན་དག་གིས་ཀྱང་མི་ཤེས་སོ། །ངས་ཀྱང་ཡ་ཧུ་དཱ་པ་དང་། མཆོད་དཔོན། སྐུ་དྲག་རྣམས། དཔོན་ཆེན། གཞན་ལས་བཟོ་པ་སུ་ལའང་དེ་མ་བཤད་དོ། ། 17 ཕྱིས་སུ་ངས་དེ་རྣམས་ལ་ངེད་ཅག་ལ་ཕོག་པའི་སྡུག་བསྔལ་དང་། ཡེ་རུ་སཱ་ལེམ་ཇི་ལྟར་སྟོང་བར་ལུས་པ་དང་། མཁར་སྒོ་མེས་བསྲེགས་ནས་ཡོད་པ་ཁྱོད་ཚོས་ཀྱང་མཐོང་ངོ་། །ཤོག་དང་། ཡང་བསྐྱར་བརྙས་བཅོས་མི་འཕོག་པའི་ཆེད་དུ། ཡེ་རུ་སཱ་ལེམ་གྱི་མཁར་གྱང་བརྩིག་པར་བྱ་ཞེས་སྨྲས་སོ། ། 18 དཀོན་མཆོག་གི་ཕྱག་ཐུགས་རྗེ་ཅན་གྱིས་ཇི་ལྟར་ང་ལ་རོགས་སྐྱོར་མཛད་དེ་རྒྱལ་པོས་ང་ལ་སྨྲས་པ་ཐམས་ཅད་དེ་རྣམས་ལ་བཤད་པས། དེ་ཚོ་ན་རེ། ངེད་རྣམས་ཡར་ལངས་ནས་བརྩིག་པར་བྱའོ་ཟེར་ནས། དེ་དག་གིས་དཔའ་ངར་ཆེར་བསྐྱེད་དེ་ལས་བཟང་པོ་འདི་སྒྲུབ་འགོ་བརྩམས། 19 འོན་ཀྱང་ཧོ་རོན་པ་སན་པཱ་ལད་དང་། ཨམ་མོན་པ་སྟེ་འཁོར་གཡོག་ཏོ་བི་ཡཱ་དང་། ཨ་རབ་པ་གེ་ཤེམ་བཅས་ཀྱིས་གཏམ་འདི་ཐོས་ཚེ། ངེད་རྣམས་ལ་ཁྲེལ་དགོད་བྱས་ཏེ་བརྙས་པར་བྱེད་ཅིང་འདི་ལྟར། ཁྱོད་རྣམས་ཀྱིས་སྒྲུབ་པ་འདི་ཅི་ཞིག་ཡིན་ནམ། རྒྱལ་པོར་ངོ་ལོག་བྱའམ་ཞེས་སྨྲས་པ་དང་། 20 ངས་དེ་དག་གི་ལན་དུ། ནམ་མཁའི་དཀོན་མཆོག་གིས་ངེད་ཀྱི་ལས་དོན་བསྒྲུབ་པར་འགྱུར་བས་ན། ཁོང་གི་ཞབས་ཕྱི་ངེད་རྣམས་ཡར་ལངས་ནས་བརྩིག་པར་བྱའོ། །འོན་ཀྱང་ཁྱོད་རྣམས་ལ་ཡེ་རུ་སཱ་ལེམ་དུ་བགོ་སྐལ་དང་། ཐོབ་ཐང་དང་། དྲན་རྟེན་གང་ཡང་མེད་དོ་ཞེས་སྨྲས་སོ། །