ལེའུ་ཉེར་གཉིས༌པ།
1 དཔག་ཏུ་མེད་པའི་ནོར་ལས་མཚན་སྙན༌ལེགས། །གསེར་དང་དངུལ་ལས་བྱམས་སེམས་མཆོག་ཏུ༌གྱུར།།
2 འཇིག་རྟེན་འདི་རུ་དབུལ་ཕྱུག་གཉིས་ཀ༌འཛོམས། །དེ་དག་ཀུན་གྱི་མཛད་པོ་ཡ་ཝཱེ༌ལགས།།
3 གྲུང་པོས་བར་ཆད་མཐོང་ནས་ཡིབ་པར༌བྱེད། །བླུན་པོ་མུ་མཐུད་སྐྱོད་ཅིང་སྡུག་བསྔལ༌མྱོང༌།།
4 ཁེངས་སྐྱུང་དང་ནི་ཡ་ཝཱེར་འཇིགས་པ༌ལ། །རྒྱུ་ནོར་བཀུར་སྟི་སྲོག་བཅས་རྔན་པ༌ཡོད།།
5 ཁྲམ་པའི་ལམ་དུ་ཚེར་མ་རྙི་རྒྱས༌གང༌། །རང་སེམས་སྲུང་པ་དེ་དང་རིང་དུ༌གྱེས།།
6 བུ་ཆུང་སྤྱོད་ལམ་དྲང་པོར་ཁྲིད་ན༌ནི། །ལོ་ན་རྒས་ཀྱང་དེ་དང་འབྲལ་མི༌འགྱུར།།
7 ཕྱུག་པོས་དབུལ་པོར་དབང་སྒྱུར་བྱེད་པ༌དང༌། །སྐྱི་མཁན་བུན་བདག་རྣམས་ཀྱི་བྲན་པོ༌ཡིན།།
8 མི་རུང་འདེབས་པས་ཉོན་མོངས་བསྡུ་བར༌འགྱུར། །དེ་ཡི་ཁོང་ཁྲོའི་དབྱུག་པ་བརླག་ངེས༌ཡིན།།
9 གཏོང་ཕོད་ཆེ་བའི་མི་ལ་བདེ་བ༌ཐོབ། །རང་གི་ཁ་ཟས་དབུལ་པོར་སྦྱིན་པས༌སོ།།
10 འཕྱ་སྨོད་མཁན་རྣམས་སྐྲོད་དང་འཁྲུག་པ༌ཞི། །རྩོད་གླེང་ངོ་ཚ་ཡང་ནི་ཆད་པར༌འགྱུར།།
11 དྭངས་གཙང་སེམས་ལ་དགའ་ཞིང་གཏམ་སྙན་སྨྲ་མཁན༌ལ། །རྒྱལ་པོ་ཡང་ནི་དེ་ཡི་མཛའ་བོར་འགྱུར་བ༌འོ།།
12 ཡ་ཝཱེའི་སྤྱན་གྱིས་ཤེས་ཡོན་བསྲུང་ན༌ཡང༌། །གདུག་རྩུབ་ཅན་གྱི་སྨྲ་བརྗོད་རྩ་མེད༌གཏོང༌།།
13 ལེ་ལོ་ཅན་གྱིས་ཕྱི་རུ་སེང་གེ༌འདུག །དེ་ཡིས་བདག་ནི་སྲང་དུ་གསོད་ཅེས༌སྨྲ།།
14 བྱི་མོའི་སྨྲ་སྒོ་གཏིང་ཟབ་དོང་རིང༌ཡིན། །ཡ་ཝཱེ་སྡང་བའི་མི་ནི་དེ་རུ་ལྟུང༌།།
15 བྱིས་པའི་སེམས་ནི་རྨོངས་པས་བཅིངས་མོད༌ཀྱང༌། །གཅུན་བྱེད་དབྱུག་པས་དེ་ནི་རྒྱང་དུ༌འཕེན།།
16 རང་ནོར་སྤེལ་དུ་དབུལ་པོར་བརྙས་མཁན༌དང༌། །ཕྱུག་པོར་ཕྱག་རྟེན་འབུལ་བ་ཕོངས་པར༌འགྱུར།།
མཁས་པའི་ངག་རྒྱུན་སུམ༌ཅུ།
17 རྣ་བ་གཏད་ནས་མཁས་པའི་གསུང་ལ༌ཉོན། །བདག་གི་ཤེས་ཡོན་རྩེ་གཅིག་གིས་ལོངས༌ཤིག།
18 ཁྱོད་ཀྱིས་དེ་དག་ཡིད་ལ་འཛིན་པ༌དང༌། །ཁ་རུ་ནམ་རྒྱུན་བརྗོད་པར་རྩོམ་ན༌ནི། །ཅི་འདྲའི་ཡིད་དུ་འོང་བ་རྟོགས་འགྱུར༌རོ།།
19 ཁྱོད་རང་ཡ་ཝཱེ་ཁོང་ལ་བརྟེན་པའི༌ཕྱིར། །དེ་རིང་བདག་གིས་ཆེད་དུ་ཁྱོད་ལ༌བསྟན།།
20 ཐབས་ཇུས་དང་ནི་ཤེས་ཡོན་ལ་འབྲེལ༌བའི། །དོན་རྣམས་བདག་གིས་ཁྱོད་ལ་མ་བྲིས༌སམ།།
21 བདེན་པའི་ཚིག་ལན་མངག་མཁན་ལ་འདེབས་ཕྱིར། །བདེན་ཞིང་བློས་ཐུབ་གསུང་རྣམས་ཁྱོད་ལ༌བསླབ།།
22 དབུལ་པོ་དབུལ་ཕོངས་ཡིན་པ་མཐོང་ནས༌ནི། །དེ་ལས་འཕྲོག་བཅོམ་ཁྱོད་ཀྱིས་བྱེད་མི༌རུང༌། །མཁར་སྒོར་སྡུག་བསྔལ་ཅན་ལ་བརྙས་མི༌འོས།།
23 ཅིའི་ཕྱིར་ཞེ་ན་ཡ་ཝཱེས་དེ་ཚོའི༌ཕྱིར། །དག་འབུད་མཛད་ཅིང་དེ་དག་འཇོམས་མཁན༌གྱི། །ཚེ་སྲོག་ཀྱང་ནི་ཁོང་གིས་འཇོམས་པར༌འགྱུར།།
24 ངང་ཐུང་མི་དང་གྲོགས་མ༌བྱེད། །ཁོང་ཁྲོ་ཅན་དང་འགྲོ་འོང༌ཆོད།།
25 དེ་མིན་ཁྱོད་ཀྱང་ལམ་དེར༌འགྲོ། །རང་ཉིད་རྙི་རྒྱར་ཚུད་པར༌བྱེད།།
26 ལག་པ་འཇུས་ནས་འགན་ལེན་བྱེད་མི༌རུང༌། །བུ་ལོན་ཅན་གྱི་འགན་ལེན་བྱེད་མི་འོས།།
27 ཁྱོད་ལ་སྐྱིན་ཚབ་འཇལ་རྒྱུ་ཅང་མེད༌ན། །གཞན་ལ་མལ་ཁྲི་འཕྲོག་ཏུ་འཇུག་དོན༌ཅི།།
28 ཁྱོད་ཀྱི་མེས་པོས་གནའ་བོའི་མཐའ་མཚམས༌བཅད། །ཁྱོད་ཀྱིས་དེ་ནི་སྤོ་བར་མི་བྱ༌འོ།།
29 རང་གི་ལས་ཀར་འཇོན་པ་མཐོང་མྱོང༌ངམ། །དེ་ནི་རྒྱལ་པོའི་དྲུང་དུ་འགྲེང་འགྱུར༌ཞིང༌། །རང་ག་བ་རྣམས་མདུན་དུ་ལངས་པ༌མིན།།