ལེའུ་དགུ༌པ།
ཤེས་རབ་དང་བླུན༌རྨོངས།
ཤེས་རབ་ཀྱིས་ནི་རང་གི་ཁང་པ༌བཟོས། །ཁོ་མོས་ *ཀ་བ་བདུན་པོ་བཞོགས་པ༌འོ།། ཁོ་མོས་སྒོ་ཕྱུགས་བཤས་ནས་རྒུན་ཆང༌སྦྱར། །དེ་ནས་གསོལ་ལྕོག་ཡང་ནི་བཤམས་པ༌འོ།། ཞལ་ཏ་མ་རྣམས་ཕྱི་རུ་མངགས་པ༌དང༌། །ཁོ་མོས་མཁར་གྱི་མཐོ་སར་འབོད་སྒྲ༌སྒྲོག། བླུན་རྨོངས་ཡིན་པ་ཀུན་ནི་ཚུར་ཤོག༌ཟེར། །ཤེས་དམན་རྣམས་ལ་ཡང་ནི་འདི་ལྟར༌དུ།། ཁྱོད་རྣམས་ཤོག་ལ་ང་ཡི་བག་ལེབ༌ཟོ། །ང་ཡིས་སྦྱར་བའི་རྒུན་ཆང་འཐུང་བར༌གྱིས།། བླུན་རྨོངས་རྣམས་ཀྱིས་རྨོངས་པའི་སེམས་དོར༌ཅིག །དེ་ནས་ཁྱོད་རྣམས་འཚོ་བར་འགྱུར་བ༌དང༌། །གོ་བ་ལྡན་པའི་ལམ་དུ་བསྐྱོད་པར༌གྱིས།། འཕྱ་སྨོད་མཁན་ལ་ཡོ་བསྲང་བྱེད་པ༌ཡིས། །རང་གིས་རང་ལ་དམའ་འབེབས་གཏོང་བ༌ཡིན། །མི་ངན་ལ་ནི་བཀའ་བཀྱོན་གནང་བ༌ཡིས། །རང་གིས་རང་ཉིད་ངོ་ཚར་སྦྱོར་བ༌ཡིན།། འཕྱ་བར་དགའ་བ་ཁྱོད་ལ་མི་སྡང༌ཕྱིར། །དེ་ལ་བཀའ་བཀྱོན་གནང་བར་མི༌བྱ་འོ། །ཤེས་རབ་ཅན་ལ་བཀྱོན་དང་དེ་ཁྱོད༌དགའ།། ཤེས་རབ་ཅན་ལ་བསླབ་བྱ་གནང་ན༌ནི། །ཁོ་རང་དེ་ལས་མཁས་པར་འགྱུར་བ༌དང༌། །དྲང་བདེན་མི་ལ་སློབ་སྟོན་བྱས་ན༌ནི། །དེ་ཡི་ཤེས་ཡོན་གོང་དུ་འཕེལ་བར༌འགྱུར།། 10 ཡ་ཝཱེ་ཁོང་ལ་གུས་ཤིང་འཇིགས་པ༌ནི། །ཤེས་རབ་ཉིད་ཀྱི་ཐོག་མ་ཡིན་པ༌དང༌། །དམ་པ་ཉིད་དེ་རྟོགས་པ་བློ་གྲོས༌ཡིན།། 11 གང་ལ་ཞེ་ན་ང་རང་བརྒྱུད་ནས༌ནི། །ཁྱོད་ཀྱི་ཉི་མ་མང་དུ་འཕེལ་ངེས༌ཤིང༌། །ཁྱོད་རང་ཚེ་ཐག་རིང་བར་འགྱུར་བ༌འོ།། 12 གལ་སྲིད་ཁྱོད་ལ་ཤེས་རབ་ལྡན་ན༌ནི། །དེ་ཡིས་ཁྱོད་ལ་ཕན་ཡོན་བསྐྲུན་པ༌དང༌། །གལ་སྲིད་ཁྱོད་ཀྱིས་གཞན་ལ་འཕྱ་བྱེད༌ན། །དེ་ཡི་མཇུག་འབྲས་རང་གི་སྟེང་ལ༌འབབ།།
13 བུད་མེད་གླེན་པ་འདུ་འཛི་ཆེ་བ༌དང༌། །ཁོ་མོ་བླུན་ཞིང་ཅི་ཡང་མི་རྟོགས༌སོ།། 14 ཁོ་མོ་རང་གི་ཁྱིམ་གྱི་སྒོ་ཁ༌དང༌། །མཁར་གྱི་མཐོ་སའི་འདུག་སྟེགས་ལ་བསྡད༌ནས།། 15 ལམ་འགྲོ་བ་སྟེ་དྲང་མོར་སྐྱོད་མཁན༌ལ། །འབོད་སྐད་བསྒྲགས་ནས་འདི་ལྟར་སྨྲ་བ༌སྟེ།། 16 བླུན་རྨོངས་ཡིན་པ་ཀུན་ནི་ཚུར་ཤོག༌ཟེར། །ཤེས་དམན་རྣམས་ལ་ཡང་ནི་འདི་ལྟར༌དུ།། 17 བརྐུས་པའི་ཆུ་ནི་མངར་མོ་ཡིན་པ༌དང༌། །ལྐོག་ཏུ་ཟོས་པའི་ཟས་ནི་ཞིམ་ཞེས་སྨྲ།། 18 ཁོ་མོའི་གམ་དུ་འདས་པོ་རྣམས་ཡོད༌ཅིང༌། །ཁོ་མོའི་མགྲོན་པོ་གཤིན་ཡུལ་མཐིལ་དུ༌གནས། །དེ་ནི་ཁོ་ཡིས་རྟོགས་པ་མ་ཡིན༌ནོ།།
* ལེའུ་དགུ༌པ།:1 འདིར་ཁོ་མོ་ཞེས་པ་ནི་མི་ཡི་གཟུགས་སུ་བཀོད་པ་སྟེ་གོང་གི་ཤེས་རབ་ལ་གོ་དགོས་པ་ཡིན། ལེའུ་འདིའི་ཚིག་རྐང་དང་པོ་ནས་གསུམ་པའི་བར་གྱི་ཁོ་མོ་ཞེས་པ་དེ་བཞིན་ཡིན།