ལེའུ་བཅུ་བཞི་པ།
དཱ་བིད་ཀྱི་ཕོ་བྲང་དང་ཁྱིམ་གཞིས།
1 དེ་ནས་ཐཱར་གྱི་རྒྱལ་པོ་ཧི་རཱམ་གྱིས་དཱ་བིད་ཀྱི་དྲུང་དུ་བང་ཆེན་རྣམས་མངགས་ཤིང་། དཱ་བིད་ལ་ཕོ་བྲང་ཞིག་བཞེང་བའི་དོན་དུ་ཐང་ཤིང་དང་རྡོ་བཟོ། ཤིང་བཟོ་བཅས་བསྐྱལ་ཡོང་།
2 དེར་དཱ་བིད་ཀྱིས་དཀོན་མཆོག་ཡ་ཝཱེས་རང་ཉིད་ཡེས་ར་ཨེལ་གྱི་རྒྱལ་པོར་བསྐོས་པ་དང་། ཡང་ཁོང་གི་འབངས་མི་ཡེས་ར་ཨེལ་གྱི་དོན་དུ་ཁོང་གི་རྒྱལ་སྲིད་དར་བར་མཛད་པ་རྟོགས་སོ། །
3 དཱ་བིད་ཀྱིས་ཡེ་རུ་སཱ་ལེམ་དུ་ཡང་བཙུན་མོ་མང་དུ་བཞེས་ནས། སྲས་དང་སྲས་མོ་རྣམས་འཁྲུངས་པ་སྟེ།
4 འདི་རྣམས་ནི་ཡེ་རུ་སཱ་ལེམ་དུ་འཁྲུངས་པའི་བུ་ཕྲུག་རྣམས་ཀྱི་མིང་སྟེ། ཤམ་མུ་ཨ་དང་ཤོ་བབ། ནཱ་ཐན། སོ་ལོ་མོན།
5 ཡིབ་ཧར། ཨེ་ལི་ཤུ་ཨ། ཨེལ་ཕེ་ལེད།
6 ནོ་གཱ། ནེ་ཕེག ཡཱ་ཕི་ཨ།
7 ཨེ་ལི་ཤ་མཱ། པེ་ཨེལ་ཡ་དཱ། ཨེ་ལི་ཕེ་ལེད་བཅས་སོ། །
དཱ་བིད་ཁོང་ཉིད་ཕེ་ལེ་ཤེད་པ་ལས་རྣམ་པར་རྒྱལ་བ།
8 ཕེ་ལེ་ཤེད་པ་རྣམས་ཀྱིས་དཱ་བིད་ནི་ཡེས་ར་ཨེལ་གྱི་རྒྱལ་པོར་བྱུགས་པ་ཐོས་ནས་ཡོངས་རྫོགས་དཱ་བིད་བཙལ་དུ་ཡར་ཕྱིན་པ་ལ། དཱ་བིད་ཀྱིས་དེ་ཐོས་པ་ཙམ་གྱིས་དེ་རྣམས་ལ་རྒོལ་ལན་སྤྲོད་དུ་སོང་ངོ་། །
9 ཕེ་ལེ་ཤེད་པ་རྣམས་འོངས་ནས་རེ་པཱ་པའི་ལུང་པར་དཔུང་འཇུག་བྱས།
10 དཱ་བིད་ཀྱིས་དཀོན་མཆོག་ལ་འདི་ལྟར། ང་རང་ཕེ་ལེ་ཤེད་པ་རྣམས་ལ་ཡར་རྒོལ་དུ་འགྲོ་བར་བྱའམ། ཁྱེད་ཀྱིས་དེ་རྣམས་བདག་གི་ལག་ཏུ་གཏོད་དམ་ཞུས་པས། དཀོན་མཆོག་ཡ་ཝཱེས་དེ་ལ་འདི་སྐད་དུ། ཁྱོད་རང་ཡར་སོང་དང་བདག་གིས་དེ་རྣམས་ཁྱོད་ཀྱི་ལག་ཏུ་གཏོད་པར་བྱ་ཞེས་གསུངས་སོ། །
11 ཕེ་ལེ་ཤེད་པ་རྣམས་ཡར་པཱ་ཨལ་ཕེ་ར་ཙིམ་དུ་སླེབས་པ་དང་། དེར་དཱ་བིད་ཀྱིས་ཁོ་རྣམས་ཕམ་པར་བརྒྱབ་ཅིང་། དཱ་བིད་ན་རེ། ཆུ་ཡིས་ཆུ་རགས་ཁུར་བ་ལྟར་དུ་དཀོན་མཆོག་གིས་ང་རང་བརྒྱུད་ནས་དགྲ་བོ་རྣམས་ཕམ་པར་བརྒྱབ་བོ་ཞེས་སྨྲས་ཏེ། ས་ཆ་དེའི་མིང་ལ་པཱ་ཨལ་ཕེ་ར་ཙིམ་ཞེས་བཏགས་སོ། །
12 ཕེ་ལེ་ཤེད་པ་རྣམས་ཀྱིས་ལྷ་སྐུ་རྣམས་དེ་རུ་དོར་བས། དཱ་བིད་ཀྱིས་མི་རྣམས་ལ་དེ་དག་མེར་བསྲེག་པའི་བཀའ་བབས་སོ། །
13 དེ་ནས་ཕེ་ལེ་ཤེད་པ་རྣམས་ཀྱིས་སླར་ཡང་ལུང་པ་དེར་དཔུང་འཇུག་བྱས་པ་དང་།
14 དཱ་བིད་ཀྱིས་ཡང་དཀོན་མཆོག་ལ་ཞུས་པ་ན། དཀོན་མཆོག་གིས་ཁོང་ལ་འདི་སྐད་དུ། ཁྱོད་དེ་དག་གི་ར་མདའ་ལ་ཡར་མི་འགྲོ་བར། དེ་དག་རྒྱབ་ནས་བསྐོར་ཏེ་སྤོས་ཤིང་གི་ནགས་ཚལ་གྱི་ཁ་གཏད་ནས་དེ་དག་ལ་རྒོལ་ཞིག
15 ཁྱོད་ཀྱིས་སྤོས་ཤིང་གི་རྩེ་ནས་དཔུང་ཚོགས་ཀྱི་གོམ་སྒྲ་ཐོས་པ་ཙམ་གྱིས་གཡུལ་འཐབ་ལ་ཆས་ཤིག ཅི་ལ་ཞེ་ན། དུས་དེར་དཀོན་མཆོག་ཁྱོད་ཀྱི་སྔོན་དུ་གཤེགས་ཏེ་ཕེ་ལེ་ཤེད་པའི་དམག་ཚོགས་ལ་རྒོལ་བ་ཡིན་ནོ་ཞེས་གསུངས་པར།
16 དཱ་བིད་ཀྱིས་དཀོན་མཆོག་གི་བཀའ་བཞིན་དུ་བྱས་ཏེ། གིབ་ཡོན་ནས་གེ་ཟེར་གྱི་བར་དུ་ཕེ་ལེ་ཤེད་པའི་དམག་ཚོགས་བསད།
17 དེ་ནས་དཱ་བིད་ཀྱི་མིང་ཡུལ་ཕྱོགས་ཀུན་ཏུ་གྲགས་ཤིང་། དཀོན་མཆོག་ཡ་ཝཱེས་མི་ཐམས་ཅད་དཱ་བིད་ལ་འཇིགས་པར་མཛད་དོ། །