ལེའུ་བཅོ་ལྔ་པ།
ཞལ་ཆད་ཀྱི་ཤུར་སྒམ་ཡེ་རུ་སཱ་ལེམ་དུ་གདན་དྲངས་པ།
དཱ་བིད་ཀྱིས་དཱ་བིད་གྲོང་ཁྱེར་དུ་རང་ཉིད་ལ་ཕོ་བྲང་རྣམས་བརྩིགས་ཤིང་། ཡང་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་ཕྱིར་གནས་ཤིག་སྟ་གོན་བྱས་ནས་གུར་ཞིག་ཀྱང་ཕུབ་བོ། ། དུས་དེར་དཱ་བིད་ན་རེ། དཀོན་མཆོག་ཡ་ཝཱེས་ལེ་ཝི་པ་རྣམས་ནི་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་འཁུར་བ་དང་། དུས་རྟག་ཏུ་ཁོང་ལ་ཞབས་ཏོག་བསྒྲུབ་པར་བདམས་པས། དེ་རྣམས་མ་གཏོགས་གཞན་སུས་ཀྱང་དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་འཁུར་མི་རུང་ཞེས་བསྒོས། དེ་ནས་དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་དཱ་བིད་ཀྱིས་སྟ་གོན་བྱས་པའི་གནས་སུ་གདན་འདྲེན་པར། དཱ་བིད་ཀྱིས་ཡེས་ར་ཨེལ་པ་རྣམས་ཡེ་རུ་སཱ་ལེམ་དུ་བསྡུས་པ་དང་། དཱ་བིད་ཀྱིས་ཨ་རོན་གྱི་བུ་རྒྱུད་དང་ལེ་ཝི་པ་རྣམས་ཀྱང་བསྡུས་པ་སྟེ། ཀོ་ཧད་ཀྱི་བུ་རྒྱུད་ལས་འགོ་དཔོན་ཨུ་རི་ཨེལ་དང་དེའི་གཉེན་ཉེ་བརྒྱ་དང་ཉི་ཤུ། མཱ་རཱ་རེའེ་ཡི་བུ་རྒྱུད་ལས་འགོ་དཔོན་ཨ་ས་ཡཱ་དང་དེའི་གཉེན་ཉེ་ཉིས་བརྒྱ་དང་ཉི་ཤུ། གེར་ཤོན་གྱི་བུ་རྒྱུད་ལས་འགོ་དཔོན་ཡོ་ཨེལ་དང་དེའི་གཉེན་ཉེ་བརྒྱ་དང་སུམ་ཅུ། ཨེ་ལི་ཙ་ཕན་གྱི་བུ་རྒྱུད་ལས་འགོ་དཔོན་ཤེ་མ་ཡཱ་དང་དེའི་གཉེན་ཉེ་ཉིས་བརྒྱ། ཧེབ་རོན་གྱི་བུ་རྒྱུད་ལས་འགོ་དཔོན་ཨེ་ལི་ཨེལ་དང་དེའི་གཉེན་ཉེ་བརྒྱད་ཅུ། 10 ཨུ་ཟི་ཨེལ་གྱི་བུ་རྒྱུད་ལས་འགོ་དཔོན་ཨ་མི་ནཱ་དབ་དང་དེའི་གཉེན་ཉེ་བརྒྱ་དང་བཅུ་གཉིས་བཅས་སོ། ། 11 དེ་ནས་དཱ་བིད་ཀྱིས་ཟཱ་ཏོག་དང་ཨབ་ཡཱ་ཐར་མཆོད་དཔོན་གཉིས་པོ་དང་། ལེ་ཝི་པ་རྣམས་ལས་ཨུ་རི་ཨེལ་དང་ཨ་ས་ཡཱ། ཡོ་ཨེལ། ཤེ་མ་ཡཱ། ཨེ་ལི་ཨེལ། ཨ་མི་ནཱ་དབ་བཅས་བོས་ནས། 12 དེ་དག་ལ་ན་རེ། ཁྱེད་རྣམས་ནི་ལེ་ཝི་པའི་ཁྱིམ་རྒྱུད་སོ་སོའི་འགོ་དཔོན་ཡིན་པས། ཁྱེད་ཅག་དང་ཁྱེད་ཅག་གི་གཉེན་ཉེ་རྣམས་ཀྱིས་རང་ཉིད་དམ་པར་གྱིས་ཤིག གང་ལ་ཞེ་ན། ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་དེ་ངས་སྟ་གོན་བྱས་པའི་གནས་སུ་གདན་འདྲེན་པའི་ཕྱིར་ཡིན། 13 སྔར་ཁྱེད་ཅག་མེད་པ་དང་ངེད་རྣམས་ཀྱིས་རང་ཅག་གི་དཀོན་མཆོག་ཡ་ཝཱེ་ལ་ལུགས་སྲོལ་བཞིན་མ་ཞུས་པས། ཁོང་ངེད་ཅག་ལ་རབ་ཏུ་ཁྲོས་སོ་ཞེས་སྨྲས་པ་དང་། 14 མཆོད་དཔོན་དང་ལེ་ཝི་པ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་གདན་འདྲེན་དུ་རང་ཉིད་དམ་པར་བྱས་སོ། ། 15 ལེ་ཝི་ཚོ་པའི་བུ་རྒྱུད་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་བཀའ་སྟེ་མོ་ཤེ་ལ་བསྒོས་པ་བཞིན་དུ། གདང་རྒྱུས་ནས་ཕྲག་པས་ཁུར། 16 དཱ་བིད་ཀྱིས་ལེ་ཝི་པའི་འགོ་དཔོན་དག་ལ། ཁོ་ཚོའི་གཉེན་ཉེ་རྣམས་མངགས་ནས་རོལ་ཆས་རྒྱུད་མངས་དང་། པི་ཝང་དང་། སྦུག་ཆལ་རྣམས་བརྡུངས་ནས་དགའ་དགའ་སྤྲོ་སྤྲོས་གླུ་ལེན་གར་རྩེད་བྱེད་དགོས་པར་བསྒོས། 17 དེ་ནས་ལེ་ཝི་པ་དག་གིས་ཡོ་ཨེལ་གྱི་བུ་ཧེ་མཱན་དང་། དེའི་གཉེན་ཉེ་ལས་པེ་རེག་ཡཱའི་བུ་ཨ་སབ་དང་། ཡང་དེ་དག་གི་གཉེན་ཉེ་མཱ་རཱ་རེའེ་ཡི་བུ་རྒྱུད་ཁྲོད་ཀྱི་ཀུ་ཤ་ཡཱའི་བུ་ཨེ་ཐན་བཅས་མངགས་པ་དང་། 18 དེ་དག་དང་མཉམ་དུ་ད་དུང་སྐོར་ཚོགས་གཉིས་པའང་ཡོད་དེ། ཁོ་རྣམས་ཀྱི་གཉེན་ཉེ་ཟཱ་ཀར་ཡ་དང་། པེན། ཡ་ཨ་ཟི་ཨེལ། ཤེ་མི་ར་མོད། ཡེ་ཧི་ཨེལ། ཨུན་ནི། ཨེ་ལི་ཨབ། པེ་ནཱ་ཡ། མ་ཨ་སེ་ཡཱ། མད་ཐིད་ཡཱ། ཨེ་ལི་ཕེ་ལེ་ཧུ། མིག་ནེ་ཡཱ། དེ་མིན་སྒོ་སྲུང་མཁན་ཨོ་བེད་ཨེ་དོམ་དང་། ཡེ་ཨི་ཨེལ་བཅས་སོ། ། 19 ཡང་མགུར་ལེན་མཁན་ཧེ་མཱན་དང་། ཨ་སབ། ཨེ་ཐན་བཅས་ཀྱིས་ལི་ཡི་སྦུག་ཆལ་བརྡུངས་ནས་སྐད་ཆེན་པོ་འདོན་པ་དང་། 20 ཟཱ་ཀར་ཡ་དང་། ཨ་ཟི་ཨེལ། ཤེ་མི་ར་མོད། ཡེ་ཧི་ཨེལ། ཨུན་ནི། ཨེ་ལི་ཨབ། མ་ཨ་སེ་ཡཱ། པེ་ནཱ་ཡ་བཅས་ཀྱིས་རྒྱུད་མངས་བརྡུངས་ནས་སྐྱེས་མའི་སྒྲ་གདངས་མཐོན་པོ་བཞིན་ལེན་པ་དང་། 21 མད་ཐིད་ཡཱ་དང་། ཨེ་ལི་ཕེ་ལེ་ཧུ། མིག་ནེ་ཡཱ། ཨོ་བེད་ཨེ་དོམ། ཡེ་ཨི་ཨེལ། ཨ་ཟཱ་སི་ཡ་བཅས་ཀྱིས་པི་ཝང་བརྡུངས་ནས་སྐྱེས་པའི་སྒྲ་གདངས་དམའ་མོ་བཞིན་ལེན་དགོས་པའོ། ། 22 ལེ་ཝི་ཚོ་པའི་འགོ་དཔོན་ཀེ་ནན་ཡཱ་བྱ་བ་ནི་བསྟོད་དབྱངས་ལེན་པའི་དབུ་མཛད་ཡིན་ཞིང་། དེའི་ཕྱོགས་ལ་རབ་ཏུ་མཁས་པས་དབྱངས་ཇི་ལྟར་ལེན་པ་བསླབས་པའོ། ། 23 པེ་རེག་ཡཱ་དང་ཨེལ་ཁ་ནཱ་གཉིས་ཞལ་ཆད་ཀྱི་ཤུར་སྒམ་སྲུང་མཁན་ཡིན་ལ། 24 ཤེ་བན་ཡཱ་དང་། ཡོ་ཤ་ཕད། ནེ་ཐན་ཨེལ། ཨ་མ་སཱ་ཨི། ཟཱ་ཀར་ཡ། པེ་ནཱ་ཡ། ཨེ་ལི་ཨེ་བཟིར་བྱ་བའི་མཆོད་དཔོན་རྣམས་ཀྱིས་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་དྲུང་དུ་དུང་བུས་པ་དང་། ཨོ་བེད་ཨེ་དོམ་དང་ཡེ་ཧི་ཡཱ་གཉིས་ཀྱང་ཞལ་ཆད་ཀྱི་ཤུར་སྒམ་སྲུང་མཁན་ཡིན་ནོ། །
25 དེ་ནས་དཱ་བིད་དང་ཡེས་ར་ཨེལ་གྱི་རྒན་པོ་རྣམས་དང་། སྟོང་དཔོན་རྣམས་མཉམ་དུ་ཆས་ཏེ་དགའ་དགའ་སྤྲོ་སྤྲོའི་ངང་ཨོ་བེད་ཨེ་དོམ་གྱི་ཁྱིམ་ནས་དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་གདན་དྲངས་ནས་འོངས། 26 དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་འཁུར་མཁན་ལེ་ཝི་པ་རྣམས་ལ་དཀོན་མཆོག་གིས་མགོན་སྐྱབས་མཛད་པ་དང་། དེ་དག་གིས་བ་གླང་བདུན་དང་ལུག་ཐུག་བདུན་མཆོད་པར་ཕུལ་ཏོ། ། 27 དཱ་བིད་དང་ཞལ་ཆད་ཀྱི་ཤུར་སྒམ་འཁུར་བའི་ལེ་ཝི་པ་རྣམས་དང་། མགུར་ལེན་མཁན་དག་དང་། དབུ་མཛད་ཀེ་ནན་ཡཱ་བཅས་ཀྱིས་སོ་རས་སྲབ་བུའི་གོས་གྱོན་ཞིང་། དཱ་བིད་ཀྱིས་དེ་ལས་གཞན་སོ་རས་སྲབ་བུའི་བེར་ཐུལ་ཞིག་གྱོན་པའོ། ། 28 དེ་ལྟར་ཡེས་ར་ཨེལ་པ་ཐམས་ཅད་ཀྱིས་དགའ་བའི་ཀི་སྒྲ་བསྒྲགས་པ་དང་། རྭ་དུང་དང་དུང་བུས་ཤིང་། སྦུག་ཆལ་དང་རྒྱུད་མངས། པི་ཝང་བཅས་ཀྱི་སྒྲ་ཆེན་པོ་དང་བཅས་དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་དེ་ཡར་གདན་དྲངས་སོ། ། 29 ཡང་དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་དེ་དཱ་བིད་ཀྱི་གྲོང་ཁྱེར་དུ་སླེབས་པའི་ཚེ། སོ་ལོའི་སྲས་མོ་མི་ཀལ་གྱིས་སྒེའུ་ཁུང་ནས་མར་བལྟས་པ་དང་། རྒྱལ་པོ་དཱ་བིད་ཀྱིས་ཞབས་བྲོ་འཁྲབ་ཀྱིན་རྩེད་མོ་རྩེ་བ་མཐོང་ནས། སེམས་ནས་ཁོང་ལ་སྨད་པའོ། །