ལེའུ་བདུན་པ།
མཆོད་པ་འབུལ་བ།
སོ་ལོ་མོན་གྱིས་གསོལ་བ་བཏབ་ཚར་མ་ཐག ནམ་མཁའ་ནས་མེ་བབས་ཏེ་སྦྱིན་སྲེག་དང་མཆོད་པ་རྣམས་ཡོངས་སུ་བསྲེགས་ཤིང་། དཀོན་མཆོག་ཡ་ཝཱེའི་གཟི་འོད་མཆོད་ཁང་དེར་ཁྱབ་པའོ། ། དཀོན་མཆོག་ཡ་ཝཱེའི་གཟི་འོད་མཆོད་ཁང་དེར་ཁྱབ་པའི་སྟབས་ཀྱིས་མཆོད་དཔོན་རྣམས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་འགྲོ་མ་ནུས་སོ། ། ཡེས་ར་ཨེལ་མི་ཚོགས་ཀྱིས་མེ་འབབ་པ་དང་དཀོན་མཆོག་ཡ་ཝཱེའི་གཟི་འོད་མཆོད་ཁང་སྟེང་དུ་བཞུགས་པ་མཐོང་བ་ཙམ་གྱིས། རྡོ་གཅལ་སྟེང་པུས་མོ་སར་བཙུགས་ནས་ཕྱག་བཙལ་ཏེ། དཀོན་མཆོག་ཡ་ཝཱེ་ལ་བསྙེན་བཀུར་དང་གཏང་རག་ཕུལ་ཏེ་ན་རེ། དཀོན་མཆོག་ཡ་ཝཱེ་ནི་བཟང་པོ་ཡིན་ལ། ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས་ཞེས་ཞུས་སོ། ། རྒྱལ་པོ་དང་མི་ཐམས་ཅད་ཀྱིས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་མཆོད་པ་ཕུལ། རྒྱལ་པོ་སོ་ལོ་མོན་གྱིས་གླང་ཉིས་ཁྲི་ཉིས་སྟོང་དང་ར་ལུག་ཆིག་འབུམ་ཉིས་ཁྲི་དཀོན་མཆོག་གི་མཆོད་ཁང་དུ་མཆོད་པར་ཕུལ། དེ་བཞིན་རྒྱལ་པོ་དང་མི་ཐམས་ཅད་ཀྱིས་དཀོན་མཆོག་གི་མཆོད་ཁང་བསྔོ་བའི་མཛད་སྒོ་སྤེལ། ཡང་མཆོད་དཔོན་རྣམས་རང་རང་གི་ལས་གནས་སྟེང་ལངས་བསྡད་པ་དང་། ལེ་ཝི་པ་རྣམས་ཀྱང་སྔར་དཱ་བིད་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་བསྟོད་དབྱངས་འབུལ་བར་བཟོས་པའི་རོལ་ཆས་རྣམས་ཏེ། ཁོ་རྣམས་བརྒྱུད་ནས་དཀོན་མཆོག་ཡ་ཝཱེའི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ་གནས་ཞེས་དཀོན་མཆོག་ཡ་ཝཱེ་ལ་གཏང་རག་འབུལ་བའི་དུས་སུ་བཀོལ་བ་རྣམས་ཐོགས་ནས་ལངས་བསྡད་པ་དང་། མཆོད་དཔོན་རྣམས་ཀྱིས་མི་ཚོགས་ཀྱི་མདུན་དུ་རྒྱ་གླིང་བུས་པ་དང་། ཡེས་ར་ཨེལ་པ་ཐམས་ཅད་ལངས་ནས་བསྡད། སོ་ལོ་མོན་གྱིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་མདུན་གྱི་ར་སྐོར་གྱི་དཀྱིལ་དབུས་དེ་དམ་པར་མཛད་ནས། སྦྱིན་སྲེག་དང་ཞི་བདེའི་མཆོད་པ་རྣམས་ཀྱི་ཚིལ་དེར་ཕུལ། ཅིའི་ཕྱིར་ཞེ་ན། སོ་ལོ་མོན་གྱིས་བཟོས་པའི་ལི་ཡི་མཆོད་ཁྲིའི་སྟེང་དུ་སྦྱིན་སྲེག་དང་འབྲུ་རིགས་ཀྱི་མཆོད་པ། མཆོད་པའི་ཚིལ་རྣམས་མ་ཤོང་བས་སོ། ། སྐབས་དེར། སོ་ལོ་མོན་གྱིས་ཉིན་བདུན་ལ་དུས་ཆེན་བཏང་བ་དང་། ཧ་མཱད་ནས་ཨེ་ཅིབ་གཙང་པོ་བར་གྱི་ཡེས་ར་ཨེལ་པ་ཐམས་ཅད་ཀྱང་ཁོང་དང་མཉམ་དུ་ཚོགས་རྒྱ་ཆེན་པོ་ཞིག་གྲུབ། ཁོ་རྣམས་ཀྱིས་མཆོད་ཁྲི་བསྔོ་བའི་མཛད་སྒོ་ཉིན་བདུན་ལ་སྤེལ་ཞིང་དུས་ཆེན་ཉིན་བདུན་ལ་བཏང་བ་དང་། ཉིན་བརྒྱད་པར་འདུ་འཛོམས་དམ་ནན་བསྡུས་སོ། ། 10 ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན་རྒྱལ་པོས་མི་རྣམས་རང་རང་གི་ཡུལ་ལ་འགྲོ་རུ་བཅུག ཁོ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེས་དཱ་བིད་དང་། སོ་ལོ་མོན་དང་། ཉིད་ཀྱི་འབངས་མི་ཡེས་ར་ཨེལ་བཅས་ལ་གནང་བའི་ཐུགས་རྗེ་མཇལ་བས་སེམས་པ་དགའ་ཞིང་སྤྲོ་བར་གྱུར་ཏོ། །
དཀོན་མཆོག་སོ་ལོ་མོན་ལ་མངོན་པར་གྱུར་པ།
11 དེ་ལྟར་སོ་ལོ་མོན་གྱིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དང་རྒྱལ་པོའི་ཕོ་བྲང་བཞེངས་ནས་ཚར་བ་དང་། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ནང་དང་ཡང་ན་སོ་ལོ་མོན་གྱི་ཕོ་བྲང་ནང་དུ་ཁོང་གི་སེམས་སུ་ཅི་ལྟར་བྱེད་འདོད་པ་བཞིན་ཐམས་ཅད་ལེགས་འགྲུབ་བྱུང་བ་རེད། 12 མཚན་མོའི་དུས་སུ་དཀོན་མཆོག་ཡ་ཝཱེ་ཁོང་ཉིད་སོ་ལོ་མོན་ལ་མངོན་པར་གྱུར་ནས་འདི་སྐད་དུ། བདག་གིས་ཁྱོད་ཀྱི་སྨོན་ལམ་ལ་མཉན་ནས་རང་གི་ཆེད་དུ་གནས་འདི་མཆོད་པ་འབུལ་ཡུལ་དུ་བདམས་པ་ཡིན། 13 གལ་ཏེ་བདག་གིས་གནམ་བཀག་ནས་ཆར་བ་མི་འབབ་པ་དང་། ཡང་ན་ཆ་ག་པ་ལ་ཡུལ་འདིའི་ལོ་ཏོག་ཁྱུར་མིད་གཏོང་བའི་བཀའ་འགོད་པ། ཡང་ན་བདག་གིས་རང་གི་འབངས་མིའི་ཁྲོད་དུ་རིམས་ནད་གཏོང་བ་བཅས་བྱས་ན། 14 གལ་ཏེ་བདག་གི་མིང་གིས་འབོད་པའི་འབངས་མི་འདིས་ཁེངས་སྐྱུང་གིས་གསོལ་བ་འདེབས་པ་དང་། བདག་གི་ངོ་གདོང་འཚོལ་ཞིང་སྤྱོད་ངན་ཀུན་ལས་ལོག་འོངས་ན། བདག་གིས་ནམ་མཁའ་ནས་མཉན་ཏེ་ཁོ་རྣམས་ཀྱི་སྡིག་པ་བསལ་ཞིང་ཁོ་རྣམས་ཀྱི་ཡུལ་ཁམས་གསོ་བར་བྱ། 15 ད་ནི་བདག་གིས་མིག་ཟུང་འབྱེད་ཅིང་རྣ་བས་གནས་འདི་ནས་བཏབ་པའི་སྨོན་ལམ་ལ་མཉན་པར་བྱའོ། ། 16 ད་ནི་ངའི་མིང་མཆོད་ཁང་འདིའི་ནང་གཏན་དུ་གནས་པའི་ཕྱིར་དུ། བདག་གིས་མཆོད་ཁང་འདི་བདམས་ཤིང་དམ་པར་བྱས་པ་ཡིན་ལ། བདག་གི་མིག་དང་སེམས་གཉིས་ཀྱང་དུས་རྟག་ཏུ་འདིར་གནས་པར་འགྱུར་རོ། ། 17 ཡང་ཁྱོད་ལ་མཚོན་ན། ཇི་སྟེ་ཁྱོད་ཀྱིས་རང་གི་ཕ་དཱ་བིད་ཀྱིས་ཇི་ལྟར་བྱས་པ་བཞིན་ངའི་མདུན་དུ་སྤྱད་པ་སྤྱོད་ཅིང་། བདག་གིས་ཁྱོད་ལ་གནང་བའི་བཀའ་ཐམས་ཅད་བསྲུང་བ་དང་། བདག་གི་སྒྲིག་ཁྲིམས་དང་སྲོལ་ཡིག་རྣམས་དམ་པོར་བརྩིས་ན། 18 བདག་གིས་ཁྱོད་ཀྱི་ཕ་དཱ་བིད་ལ་བཞག་པའི་ཞལ་ཆད་དེ། ཁྱོད་ཀྱི་བུ་རྒྱུད་ལས་རྒྱལ་པོར་བསྡད་དེ་ཡེས་ར་ཨེལ་ལ་དབང་སྒྱུར་མཁན་ནམ་ཡང་རྒྱུན་ཆད་པར་མི་འགྱུར་ཞེས་སྨྲས་པ་བཞིན་དུ། བདག་གིས་ཁྱོད་ཀྱི་རྒྱལ་སྲིད་བརྟན་པོར་མཛད་ངེས། 19 ཡིན་ནའང་གལ་ཏེ་ཁྱོད་རྣམས་བདག་དང་བྲལ་ནས། བདག་གིས་ཁྱོད་རྣམས་ཀྱི་མདུན་དུ་བཞག་པའི་སྒྲིག་ཁྲིམས་དང་བཀའ་རྒྱ་རྣམས་སྤངས་ཏེ། ཕར་སོང་ནས་ལྷ་གཞན་དག་ལ་ཞབས་ཕྱི་བྱས་ཏེ་ཕྱག་བཙལ་ན། 20 བདག་གིས་ཡེས་ར་ཨེལ་པ་རྣམས་ལ་གནང་བའི་ཡུལ་ལས་ཁོ་ཚོ་རྩ་ནས་འདོན་པར་མ་ཟད། བདག་གིས་རང་གི་མིང་གི་ཕྱིར་དམ་པར་བྱས་པའི་མཆོད་ཁང་འདི་ཡང་རང་གི་མིག་མདུན་ནས་དོར་ཏེ། མཆོད་ཁང་འདི་ནི་མི་ཀུན་གྱི་ཁྲོད་དུ་གད་མོའི་གནས་དང་འཕྱ་སྨོད་བྱེད་ཡུལ་དུ་བསྒྱུར་ངེས་ཡིན། 21 མཆོད་ཁང་འདི་ནི་གཟི་བརྗིད་ལྡན་པ་ཞིག་ཡིན་ནའང་། མ་འོངས་པ་ན་འདིར་བརྒྱུད་ནས་འགྲོ་བའི་མི་རྣམས་ཧ་ལས་ཏེ་འདི་ལྟར། དཀོན་མཆོག་ཡ་ཝཱེས་ཡུལ་ཁམས་འདི་དང་མཆོད་ཁང་འདི་ལ་འདི་བཞིན་མཛད་དོན་ཅི་ཡིན་ནམ་ཞེས་སྨྲ་བ་དང་། 22 མི་རྣམས་ཀྱིས་དེའི་ལན་དུ། ཡུལ་འདིའི་མི་རྣམས་ཀྱིས་རང་གི་ཕ་མེས་ཀྱི་དཀོན་མཆོག་ཡ་ཝཱེ་སྟེ། ཁོ་རྣམས་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་འོང་མཁན་དཀོན་མཆོག་སྤངས་ནས། ལྷ་གཞན་དག་ལ་བརྟེན་ཞིང་དེ་དག་ལ་ཕྱག་བཙལ་ཏེ་ཞབས་ཕྱི་བྱས་པས། དཀོན་མཆོག་ཡ་ཝཱེས་དེ་རྣམས་ཀྱི་སྟེང་དུ་ཆག་སྒོ་འདི་ཐམས་ཅད་ཕབ་པ་ཡིན་ཞེས་སྨྲ་བར་འགྱུར་ཞེས་གསུངས་སོ། །