ལེའུ་བརྒྱད་པ།
སོ་ལོ་མོན་གྱི་མཛད་རྗེས།
སོ་ལོ་མོན་གྱིས་བགྲང་བྱ་ཉི་ཤུའི་རིང་ལ་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དང་རང་གི་ཕོ་བྲང་བཞེངས་ཟིན་པའི་མཐར། སོ་ལོ་མོན་གྱིས་ཧི་རཱམ་བྱ་བས་ཁོང་ལ་ཕུལ་བའི་གྲོང་ཁྱེར་རྣམས་བསྐྱར་འཛུགས་བྱས་ནས། ཡེས་ར་ཨེལ་པ་རྣམས་དེ་རུ་གནས་སུ་བཅུག དེ་ནས་སོ་ལོ་མོན་ནི་ཧ་མཱད་ཙོ་བཱ་རུ་སོང་ནས་ས་དེ་བླངས་པ་དང་། ཡང་དབེན་སྟོང་གི་ཐད་མོར་དང་། ཁོང་གིས་ཧ་མཱད་དུ་བསྐྲུན་པའི་བང་མཛོད་ཀྱི་གྲོང་ཁྱེར་ཐམས་ཅད་བརྩིགས། ཡང་ཁོང་གིས་པེད་ཧོ་རོན་གོང་མ་དང་པེད་ཧོ་རོན་ཞོལ་མ་གཉིས་ཀ་བརྩིགས་ནས་དེ་རྣམས་ལྕགས་རི་དང་རྒྱ་སྒོ་དང་། སྒོ་གཏན་བཅས་དང་ལྡན་པའི་འགོག་སྲུང་གྲོང་ཁྱེར་དུ་གྱུར་པ་ཡིན། ཡང་པཱ་ཨ་ལད་དང་སོ་ལོ་མོན་ལ་གཏོགས་པའི་བང་མཛོད་ཀྱི་གྲོང་ཁྱེར་རྣམས་དང་། ཤིང་རྟ་འཇོག་སའི་གྲོང་ཁྱེར་རྣམས་དང་། སྐྱ་དམག་བཅའ་སྡོད་བྱེད་སའི་གྲོང་ཁྱེར་རྣམས་དང་། སོ་ལོ་མོན་གྱིས་ཡེ་རུ་སཱ་ལེམ་དང་། ལེ་པཱ་ནོན་དང་། རང་གི་དབང་འོག་གི་ཡུལ་ཀུན་ནས་གང་དང་གང་བརྩིག་འདོད་པ་ཐམས་ཅད་བརྩིགས་པའོ། ། ཡེས་ར་ཨེལ་པ་མིན་པའི་ཧེད་པ་དང་། ཨེ་མོར་པ་དང་། ཕེ་རེ་ཟི་པ་དང་། ཧེ་བི་པ་དང་། ཡེ་བུ་སི་པ་བཅས་ལས་ལུས་པའི་མི་རྣམས་ལ་མཚོན་ན། དེ་དག་གི་བུ་རྒྱུད་རྣམས་སྔར་བཞིན་ཡུལ་དེར་ལུས་ཤིང་། ཡེས་ར་ཨེལ་པ་རྣམས་ཀྱིས་དེ་རྣམས་རྩ་མེད་དུ་མ་བཏང་ངོ་། །སོ་ལོ་མོན་གྱིས་དེ་རྣམས་བསྡུས་ནས་དེ་རིང་ཉིན་མོའི་བར་དུ་སྡུག་ལས་ཀྱི་གཡོག་ལ་བཀོལ་བ་ཡིན་ནོ། ། སོ་ལོ་མོན་གྱིས་ཡེས་ར་ཨེལ་པ་རྣམས་འབའ་ཞིག་རང་གི་ལས་ཀའི་ཕྱིར་དུ་གཡོག་ལ་མ་བཀོལ་བར། དེ་རྣམས་ཁོང་གི་དམག་མི་དང་། དམག་དཔོན་དང་། ཤིང་རྟ་དང་སྐྱ་དམག་གི་འགོ་དཔོན་དུ་བསྐོས། 10 རྒྱལ་པོ་སོ་ལོ་མོན་ལ་ལས་བཟོ་པ་རྣམས་ལ་ལྟ་སྐུལ་བྱེད་མཁན་འགོ་དཔོན་ཉིས་བརྒྱ་ལྔ་བཅུ་ཡོད་པ་ཡིན། 11 སོ་ལོ་མོན་གྱིས་ཕཱར་ཨོལ་གྱི་སྲས་མོ་*དེ་ནི་དཱ་བིད་ཀྱི་གྲོང་ཁྱེར་ནས་བཏོན་ཏེ། མོའི་ཆེད་དུ་བརྩིགས་པའི་ཕོ་བྲང་གི་ནང་དུ་ཁྲིད། གང་ལ་ཞེ་ན། སོ་ལོ་མོན་ན་རེ། ངའི་ཆུང་མ་ནི་ཡེས་ར་ཨེལ་གྱི་རྒྱལ་པོ་དཱ་བིད་ཀྱི་ཕོ་བྲང་དུ་སྡོད་མི་རུང་སྟེ། དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་སླེབས་པའི་གནས་དེ་ནི་དམ་པ་ཡིན་པས་སོ་ཞེས་སྨྲས་སོ། ། 12 སྐབས་དེར། སོ་ལོ་མོན་གྱིས་བར་ཁྱམས་ཀྱི་མདུན་དུ་བཞེངས་པའི་དཀོན་མཆོག་ཡ་ཝཱེའི་མཆོད་ཁྲིའི་སྟེང་དཀོན་མཆོག་ཡ་ཝཱེ་ལ་སྦྱིན་སྲེག་གི་མཆོད་པ་རྣམས་ཕུལ་ཏེ། 13 ཡང་མོ་ཤེའི་བསྒོས་པ་བཞིན་དུ་ངལ་གསོ་བའི་ཉིན་དང་། ཚེས་གཅིག་དང་། ལོ་རེའི་དམིགས་བསལ་གྱི་དུས་ཆེན་གསུམ་སྟེ། སྐྱུར་མེད་བག་ལེབ་ཀྱི་དུས་ཆེན་དང་། བདུན་ཕྲག་རྣམས་ཀྱི་དུས་ཆེན་དང་། སྤྱིལ་བུའི་དུས་ཆེན་བཅས་ལ་ཉིན་རེར་འབུལ་འོས་པའི་མཆོད་པ་ཕུལ་ཏོ། ། 14 ཡང་ཁོང་གིས་ཡབ་དཱ་བིད་ཀྱིས་གཏན་ལ་ཁེལ་བ་བཞིན་དུ། མཆོད་དཔོན་རྣམས་ལ་ཞབས་ཏོག་སྒྲུབ་པའི་ལས་རེས་མཛད་པ་དང་། ལེ་ཝི་པ་རྣམས་མངགས་ནས་རང་རང་གི་ལས་འགན་སྒྲུབ་པ་དང་ཡ་ཝཱེ་ལ་བསྟོད་བསྔགས་བརྗོད་ཅིང་། མཆོད་དཔོན་དག་གི་མདུན་དུ་ཉིན་རེར་བྱེད་དགོས་པའི་ལས་ཁག་བཞིན་ཞབས་ཏོག་སྒྲུབ་ཏུ་བཅུག ཡང་སྒོ་སྲུང་རྣམས་མངགས་ནས་རང་རང་གི་ལས་རེས་བཞིན་དུ་རྒྱ་སྒོ་རེ་རེ་སྲུང་བར་བཅུག གང་ལ་ཞེ་ན། དེ་ནི་དཀོན་མཆོག་གི་སྐྱེས་བུ་དཱ་བིད་ཀྱིས་བསྩལ་བའི་བཀའ་ཡིན་པས་སོ། ། 15 རྒྱལ་པོས་མཆོད་དཔོན་དང་ལེ་ཝི་པ་རྣམས་ལ་བསྒོས་པའི་ལས་དོན་གང་དང་གང་ཡིན་ཡང་། དཀོར་མཛོད་དང་འབྲེལ་བའི་ལས་དོན་ཡིན་ནའང་ཁོ་རྣམས་བཀའ་ལས་མ་གཡོལ་ཏོ། ། 16 དེ་ལྟར་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་རྨང་གཞི་བཏིངས་པའི་ཉིན་ནས་དེ་འགྲུབ་པའི་བར་དུ། སོ་ལོ་མོན་གྱི་བཟོ་ལས་མཐའ་དག་བདེ་བླག་ངང་བྱས་པས། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ཡོངས་སུ་འགྲུབ་པའོ། ། 17 དེ་ནས་སོ་ལོ་མོན་ནི་ཨེ་དོམ་ཡུལ་དུ་རྒྱ་མཚོའི་ཉེ་འགྲམ་ལ་ཡོད་པའི་ཨེ་ཙི་ཡོན་གེ་བེར་དང་ཨེ་ལོད་དུ་ཕྱིན་ཅིང་། 18 ཧི་རཱམ་གྱིས་རང་གི་བློན་འཁོར་མངགས་ནས་ཁོང་ལ་གྲུ་གཟིངས་དང་མཚོ་འགྲུལ་ལ་གོམས་པའི་ཞབས་ཕྱི་རྣམས་བརྫངས་ནས། དེ་དག་སོ་ལོ་མོན་གྱི་ཞབས་ཕྱི་དང་མཉམ་དུ་ཨོ་ཕིར་ལ་སོང་སྟེ། དེར་གསེར་གྱི་རྡོ་ཚད་བཞི་བརྒྱ་ལྔ་བཅུ་ཐོབ་པ་རྒྱལ་པོ་སོ་ལོ་མོན་གྱི་དྲུང་དུ་དྲངས་སོ། །
* ལེའུ་བརྒྱད་པ།:11 ཕཱར་ཨོལ་གྱི་སྲས་མོ་ནི་ཨེ་ཅིབ་པ་ཡིན་པ་ལས་ཡ་ཧུ་དཱའི་མི་རིགས་མ་ཡིན་པས་གནས་དམ་པ་རྣམས་སུ་ཞུགས་མི་ཆོག་པ་རེད།