ལེའུ་བཅུ་དྲུག་པ།
སཱ་མུ་ཨེལ་གྱིས་དཱ་བིད་རྒྱལ་པོར་བསྐོས་པ།
དེ་ནས་དཀོན་མཆོག་ཡ་ཝཱེས་སཱ་མུ་ཨེལ་ལ། ཁྱོད་ཀྱིས་སོ་ལོའི་ཕྱིར་ཇི་སྲིད་བར་དུ་མྱ་ངན་བྱའམ། ཡེས་ར་ཨེལ་དུ་རྒྱལ་པོ་མི་བྱེད་པའི་ཕྱིར་ངས་ཁོ་སྤངས་པ་ཡིན། ཁྱོད་ཀྱི་སྣུམ་ལྡུད་སྤྱད་ཀྱི་རྭ་ཅོ་དེ་སྣུམ་གྱིས་འགེང་བར་བྱས་ཏེ་སོང་དང་། ངས་པེད་ལེ་ཧེམ་པ་ཡེ་སེ་ཞེས་བྱ་བའི་བུ་རྣམས་ཀྱི་ཁྲོད་ནས་རྒྱལ་པོ་ཞིག་བསྐོས་པ་ཡིན་པས། ཁྱོད་དེ་རུ་མངག་པར་བྱ་ཞེས་གསུངས། སཱ་མུ་ཨེལ་གྱིས་ང་རང་ཇི་ལྟར་འགྲོའམ། སོ་ལོས་དེ་ཐོས་ན་ང་རང་གསོད་ངེས་ཡིན་ཞེས་ཞུས་པའི་ལན་དུ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། བ་མོ་ཞིག་ཁྱོད་དང་མཉམ་དུ་འཁྲིད་དགོས་ཤིང་། ང་ནི་ཡ་ཝཱེ་ལ་མཆོད་པ་འབུལ་བའི་ཕྱིར་འོངས་པ་ཡིན་ཞེས་སྨྲོས་ཤིག ཡང་ཡེ་སེ་མཆོད་པ་འབུལ་ས་རུ་བོས་དང་ཁྱོད་ཀྱིས་ཅི་བྱེད་པར་རུང་བ་དེ་ནི་ངས་སྟོན་པར་བྱ་སྟེ། ཡང་ངས་ཁྱོད་ལ་མིང་སྟོན་པ་དེ་ལ་སྣུམ་གྱིས་བྱུགས་ཤིག་ཅེས་གསུངས་པ་དང་། སཱ་མུ་ཨེལ་གྱིས་དེ་བཞིན་དུ་བྱས་ཤིང་། པེད་ལེ་ཧེམ་དུ་སླེབས་པ་ན། གྲོང་རྡལ་དེའི་རྒན་པོ་རྣམས་སྐྲག་སྐྲག་འདར་འདར་ངང་སཱ་མུ་ཨེལ་དང་འཕྲད་དུ་འོངས་ཏེ་ཁྱེད་ཞི་བདེའི་ཆེད་དུ་ཡོང་བ་ཡིན་ནམ་ཞེས་ཞུས་པས། དེས་ང་ནི་ཞི་བདེའི་ཆེད་དུ་དང་དཀོན་མཆོག་ཡ་ཝཱེ་ལ་མཆོད་པ་འབུལ་བར་འོངས་པས། ཁྱོད་རྣམས་ཀྱིས་རང་རང་གི་ལུས་གཙང་མར་བྱོས་ལ་ང་དང་མཉམ་དུ་མཆོད་པ་འབུལ་དུ་ཤོག་ཅིག་ཅེས་བསྐུལ་ནས་ཡེ་སེ་དང་དེའི་བུ་རྣམས་ལ་གཙང་སྦྲ་བྱེད་དུ་བཅུག་ནས་མཆོད་པ་འབུལ་སར་བོས། ཡང་དེ་རྣམས་སླེབས་པ་ཙམ་གྱིས་སཱ་མུ་ཨེལ་གྱིས་ཨེ་ལི་ཨབ་ལ་བལྟས་ཤིང་དཀོན་མཆོག་ཡ་ཝཱེའི་དྲུང་དུ་འབྱུག་པར་རུང་བ་དེ་ནི་ངེས་པར་ཁོ་རང་ཡིན་སྙམ། འོན་ཀྱང་དཀོན་མཆོག་ཡ་ཝཱེས་སཱ་མུ་ཨེལ་ལ་མི་འདིའི་བྱད་བཞིན་ནམ་གཟུགས་ཀྱི་རིང་ཐུང་སོགས་ལ་མ་བལྟ། རྒྱུ་མཚན་ངས་ཁོ་རང་སྤངས་པ་ཡིན་ཏེ། དཀོན་མཆོག་ཡ་ཝཱེས་གཟིགས་པ་ནི་མི་ཀུན་གྱིས་ལྟ་བ་དང་མི་འདྲ་སྟེ། མི་རྣམས་ཀྱིས་ཕྱི་ཚུལ་ལ་བལྟ་ཞིང་དཀོན་མཆོག་ཡ་ཝཱེས་ནང་སེམས་ལ་གཟིགས་པ་ཡིན་ཞེས་གསུངས། དེ་ནས་ཡེ་སེ་ཡིས་ཨ་བི་ནཱ་དབ་བོས་ནས་སཱ་མུ་ཨེལ་གྱི་དྲུང་དུ་འགྲོ་རུ་བཅུག་པ་ལ། དེས་དཀོན་མཆོག་ཡ་ཝཱེས་འདི་ཡང་མ་བསྐོས་ཞེས་སྨྲས་པས། ཡང་ཡེ་སེ་ཡིས་ཤམ་མཱ་བོས་ནས་སཱ་མུ་ཨེལ་གྱི་དྲུང་དུ་འགྲོ་རུ་བཅུག་པ་ལ། དེས་དཀོན་མཆོག་ཡ་ཝཱེས་འདི་ཡང་མ་བསྐོས་ཞེས་སྨྲས་པས། 10 ཡེ་སེ་ཡིས་དེ་ལྟར་སྔ་ཕྱིར་རང་གི་བུ་བདུན་སཱ་མུ་ཨེལ་གྱི་མདུན་དུ་འགྲོ་རུ་བཅུག་ཀྱང་། སཱ་མུ་ཨེལ་གྱིས་ཡེ་སེ་ལ་དཀོན་མཆོག་ཡ་ཝཱེས་འདི་དག་ཀྱང་མ་བསྐོས་ཞེས་སྨྲས། 11 ཡང་སཱ་མུ་ཨེལ་གྱིས་ཡེ་སེ་ལ་ཁྱེད་ཀྱི་བུ་ཚང་མ་འདི་རུ་ཡོད་དམ་ཞེས་དྲིས་པའི་ལན་དུ་དེས། བུ་ཆུང་ཤོས་ད་དུང་ལུས་ཡོད་དེ་ཁོས་ལུག་འཚོ་བཞིན་ཡོད་ཟེར་བས་སཱ་མུ་ཨེལ་གྱིས་ཡེ་སེ་ལ་མི་ཞིག་མངགས་ནས་ཁོ་རང་བོས་དང་། ཁོ་མ་སླེབས་བར་དུ་ངེད་རྣམས་ས་རུ་མི་སྡོད་ཅེས་སྨྲས་པ་བཞིན་དུ། 12 མི་ཞིག་མངགས་ནས་ཁོ་བོས་པ་དང་བུ་དེ་ནི་ངོ་མདངས་དམར་ཞིང་མིག་མཛེས་པ་དང་བྱད་གཟིགས་ལེགས་པ་ཞིག་ཡིན་ལ། དེའི་ཚེ་དཀོན་མཆོག་ཡ་ཝཱེས་འདི་ནི་བདག་གིས་ཆེད་དུ་བསྐོས་པ་དེ་ཡིན་པས་ད་ལྟ་ལངས་ནས་ཁོ་ལ་སྣུམ་གྱིས་བྱུགས་ཤིག་ཅེས་བཀའ་བསྩལ་པས། 13 སཱ་མུ་ཨེལ་གྱིས་སྣུམ་ལྡུད་སྤྱད་ཀྱི་རྭ་ཅོ་དེ་བླངས་ནས་ཁོའི་སྤུན་རྣམས་ཀྱི་ཁྲོད་དུ་ཁོ་ལ་སྣུམ་གྱིས་བྱུགས་པ་དང་། ཉིན་དེ་ནས་བཟུང་དཱ་བིད་ལ་དཀོན་མཆོག་ཡ་ཝཱེའི་ཐུགས་ཉིད་དབང་དང་ལྡན་པར་བབས་པ་དང་། སཱ་མུ་ཨེལ་ལངས་ཏེ་ཕྱིར་རཱ་མ་ཡུལ་དུ་སོང་ངོ་། །
དཱ་བིད་ནི་སོ་ལོའི་ཞབས་ཕྱི་རུ་བསྐོས་པ།
14 ཡང་དཀོན་མཆོག་ཡ་ཝཱེའི་ཐུགས་ཉིད་སོ་ལོའི་ཕྱོགས་ནས་ཕར་བཞུད་དེ་ཁོང་གི་གམ་ནས་བྱུང་བའི་སེམས་ཉིད་ངན་པ་ཞིག་གིས་ཁོ་རང་ལ་ཟིང་ཆ་བཟོས་པས། 15 སོ་ལོའི་བློན་འཁོར་རྣམས་ཀྱིས་ཁོ་ལ་ན་རེ། གཟིགས་དང་། དཀོན་མཆོག་གི་གམ་ནས་ཡོང་བའི་སེམས་ཉིད་ངན་པ་ཞིག་གིས་ཁྱེད་ལ་ཟིང་ཆ་བཟོས་པས། 16 ཀྱེ་ངེད་ཅག་གི་བདག་པོ་ཁྱེད་ཀྱིས་སྐུ་མདུན་དུ་ཡོད་པའི་བློན་འཁོར་རྣམས་ལ། པི་ཝང་དཀྲོལ་བར་མཁས་པའི་མི་ཞིག་འཚོལ་བའི་བཀའ་གནོངས་དང་། སེམས་ཉིད་ངན་པ་དེས་ཁྱེད་རང་ལ་ཟིང་ཆ་བཟོ་བའི་ཚེ་མི་དེས་སྒྲ་སྙན་དཀྲོལ་བ་ཙམ་གྱིས་ཁྱེད་ལ་ཕན་པར་འགྱུར་ཞེས་ཞུས་པས། 17 སོ་ལོས་བློན་འཁོར་རྣམས་ལ་སྒྲ་སྙན་དཀྲོལ་མཁས་པའི་མི་ཞིག་ངའི་ཕྱིར་བཙལ་ཏེ། ངའི་མདུན་དུ་འཁྲིད་ཤོག་ཅེས་སྨྲས་པའི་ལན་དུ་གཞོན་ནུ་རྣམས་ལས་གཅིག་གིས། 18 ཀྱེ་ཧོ་ངས་པེད་ལེ་ཧེམ་པ་ཡེ་སེའི་བུ་ཞིག་མཐོང་བ་ཡིན། དེ་ནི་སྒྲ་སྙན་དཀྲོལ་མཁས་ཤིང་མི་དཔའ་རྩལ་ཅན་དང་གཏམ་ལ་མཁས་པ། བྱད་གཟུགས་ལེགས་པ་བཅས་ཡིན་པར་མ་ཟད། དཀོན་མཆོག་ཡ་ཝཱེ་ཁོ་དང་མཉམ་དུ་བཞུགས་སོ་ཞེས་ཞུས་པ་ལ། 19 སོ་ལོས་ཡེ་སེའི་མདུན་དུ་བང་ཆེན་མངགས་ནས་ཁོ་ལ། ཁྱོད་ཀྱི་བུ་དཱ་བིད་ལུག་རྫི་ཡིན་པ་དེ་ངའི་རྩར་ཐོངས་ཤིག་ཅེས་སྨྲས་པས། 20 ཡེ་སེ་ཡིས་བག་ལེབ་དང་རྒུན་ཆང་སྐྱི་ཁུག་གང་བཀལ་བའི་བོང་བུ་དང་། རེའུ་གཅིག་བཅས་རང་གི་བུ་དཱ་བིད་དང་མཉམ་དུ་སོ་ལོའི་དྲུང་དུ་བསྐྱལ་བ་རེད། 21 དཱ་བིད་ནི་སོ་ལོའི་དྲུང་དུ་སླེབས་པ་དང་དེའི་དྲུང་དུ་ཞབས་ཕྱི་བྱས་ཤིང་། སོ་ལོས་ཁོ་ལ་ཤིན་ཏུ་གཅེས་པས། ཁོ་རང་སོ་ལོའི་གོ་མཚོན་འཁུར་མཁན་དུ་གྱུར། 22 དེ་ནས་སོ་ལོས་ཡེ་སེ་ལ། དཱ་བིད་ལ་ངའི་མདུན་དུ་བཀའ་དྲིན་ཐོབ་པས་ཁོ་རང་ངའི་མདུན་དུ་གནས་སུ་ཆུག་ཅེས་འཕྲིན་བསྐུར། 23 དེ་ནས་དཀོན་མཆོག་གིས་མངགས་པའི་སེམས་ཉིད་དེ་སོ་ལོའི་སྟེང་དུ་འབབ་ཐེངས་རེར་དཱ་བིད་ཀྱིས་པི་ཝང་བླངས་ཏེ་དཀྲོལ་བས། སོ་ལོའི་སེམས་བདེ་བར་བྱེད་པ་ལ་ཕན་ཐོགས་ཏེ་སེམས་ཉིད་ངན་པ་ཁོ་དང་བྲལ་ཏོ། །